ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུར་གྲོས་བསྡུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཡིན་པ་མ་ཟད། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་ཆེན་པོ་ཡང་ཡིན། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་ལ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་ཡོད། ཚང་མས་གཅིག་གྱུར་གྱིས་སྙན་ཞུ་བརྗིད་ཉམས་ལྡན་པ་དང་། ཆ་ཚང་ཞིང་དོན་དངོས་དང་མཐུན་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡིན་པས། ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གལ་ཆེའི་འཆར་གཞི་བཀོད་ཡོད། སྙན་ཞུའི་ནང་བཏོན་པའི“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”གི་འབད་འཐབ་དམིགས་ཚད་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། “བློ་བརྟན་འགྱུར་མེད་བརྒྱད”ཀྱི་བྱ་བའི་བཀོད་སྒྲིག་ལས་རྒྱལ་ཁབ་དང་མི་རིགས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་མཚོན་ཡོད་པས། དེ་ནི་དམངས་སེམས་དྲོ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ། དངོས་སྒྲུབ་གླེང་བ། སྙིང་སྟོབས་འཕེལ་བ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་པའི་ངོས་འཛིན་གནང་། 

‘དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག’འཛུགས་སྐྲུན་བྱེད་པར་ཟི་ལིང་གིས་ངེས་པར་དུ་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་མདུན་དུ་བསྐྱོད་དགོས།” ཏང་གི་འཐུས་མིའམ་ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་གླིང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཅན་ཝུན་གྱིས་ཧུར་ཐག་གིས་ལྗང་མདོག་འཕེལ་རྒྱས་ཀྱི“དཔེ་སྟོན་ཁུལ”བཏོད་ནས། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་ནས་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་གླིང་ཁུལ་འཛུགས་སྐྲུན་བྱེད་དགོས། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྔོན་ཐོན་ཁུལ”གཏོད་པ་དང་། འོད་ཤུགས་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་དང་མཐོ་རིམ་གློག་གྲོལ་ཟངས་འགྲིལ་སོགས་ཀྱི་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་སྒོས་བསྐྲུན་པ། བློ་བརྟན་འགྱུར་མེད་སྒོས“ཐོན་ལས་གཉིས་པ་ལེགས་བསྒྱུར་དང་ཐོན་ལས་གསུམ་པར་སྐུལ་འདེད”ཀྱི་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གཞན་སྒྱུར་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ་བཅས་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་འཆམ་མཐུན་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་བྱེད་པར་ཏུང་ཁྲོན་གྱིས་ལེགས་སྐྱེས་འབུལ་དགོས་པར་བསྟན།

ཏང་གི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲུང་ཡིས། རྫ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ས་ཁོངས་དུ་ཆགས་ཡོད་པས། སྐྱེ་ཁམས་བདེ་འཇགས་འགན་ལེན་དང་དྭངས་ཤིང་གཙང་བའི་རི་ཆུ་སྲུང་སྐྱོང་བྱ་རྒྱུ་ནི་ངེས་པར་དུ་ལེགས་པོར་བསྒྲུབ་པ་དང་ནན་ཏན་གྱིས་བསྒྲུབ་དགོས་པའི་སྲོག་ཤིང་ཡིན། ང་ཚོས་མ་འོངས་པའི་དམིགས་ཚད་གཏན་འཁེལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཆུ་མགོའི་འགན་འཁྲི་འཁུར་བ་དང་བཞུར་ཁུལ་གྱི་འགན་འཁྲི་མངོན་པར་བྱས་ནས། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བཟང་པོ་བྱས་ཏེ། སྔར་ལས་ནུས་པ་ལྡན་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་འཛུགས་སྐྲུན་བྱེད་དགོས། ཚད་གཞི་མཐོ་བའི་སྐྱེད་ཚལ་འཛུགས་པའི་འདུ་ཤེས་ལག་བསྟར་བཟང་པོ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པའི་ནང་སྔར་ལས་རང་རྟོགས་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་གྱི་མཛའ་མཐུན་རྣམ་པའི་སྡོད་གནས་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ས་མཐོའི་ཁྱད་ཆོས་དང་རྒྱལ་ཁབ་ཀྱི་ཚབ་མཚོན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་སྟོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན།

མ་འོངས་པའི་ལོ་ལྔ་ནི་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོོས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། མ་འོངས་པར་རྒྱང་ལྟ་དང་སྤོབས་སེམས་ཀྱིས་ཁེངས་ཡོད། ཏང་གི་འཐུས་མིའམ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་སྟག་ལུང་ཤང་བ་རྒྱལ་ཐང་གི་སྡེ་མི་མ་ཝུན་ཏིས་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། རང་ཉིད་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གྱི“འཐེན་ཐུག་དཔལ་འབྱོར”གྱིས་ཕ་ཡུལ་དབུལ་ཐར་དང་མང་ཚོགས་ཕྱུག་པོར་འགྱུར་པའི་མྱོང་ཚོར་དངོས་བརྒྱུད་མྱོང་། ཏང་གི་འཐུས་མི་ཚོགས་ཆེན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ང་ཚོས་འཐེན་ཐུག་གི་ཐོན་ལས་དང་འཐེན་ཐུག་གི་དཔལ་འབྱོར་སྟོབས་ཆེར་གཏོང་བར་གོ་སྐབས་གསར་པ་བསྩལ་ཡོད། ངས་མ་འོངས་པར“དམིགས་བསལ་གྱིས་ཏང་ཞུགས”ཀྱི་ཉམས་འགྱུར་དང་། “རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་དང་བླངས་པ་བཟང་པོའི”སྙིང་སྟོབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ནང་ཞུགས་པ་དང་། མཚོ་ཤར་གྱི་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་འཛུགས་པ་དང་འཐེན་ཐུག་དཔལ་འབྱོར་གྱི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དག་དམ་འཛིན་བྱས་ནས། སྒོ་འགྲམ་ནས་ཧུར་ཐག་གིས་ལས་གཏོད་བྱེད་པ་དང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཕ་ཡུལ་མི་དམངས་ཐུན་མོང་ཐོག་འབྱོར་ཕྱུག་ཅན་དུ་འགྱུར་བའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བཤད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།