ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2022ལོའི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མས་ཐེངས་དང་པོའི་རྒྱུགས་རར་ཡོང་སྐབས་རིམས་འགོག་རྒྱུ་ཆ་སྤྲོད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི2022ལོའི་མཐོ་རྒྱུགས་ཐོན་ལ་ཉེ་སྐབས། ཡིག་རྒྱུགས་དང་རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ཁང་གིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། ལྷག་པར་དུ་རྒྱུགས་སྤྲོད་སློབ་མ་ཐེངས་དང་པོའི་རྒྱུགས་རའི་ནང་འགྲོ་སྐབས་ངེས་པར་དུ་སྤྲོད་དགོས་པའི་རིམས་འགོག་རྒྱུ་ཆ་གྲ་སྒྲིག་བྱེད་དགོས་པའི“ཨང་རིས་གཅིག་དང་བྱང་བུ་གཅིག རེའུ་མིག་གཅིག སྙན་ཞུ་གཅིག”བཅས་གྲ་སྒྲིག་བྱེད་པར་སྐུལ་སློང་བྱས། “ཡིད་རྟོན་ཨང་རིས་དང་འགྲུལ་རིམ་བྱང་བུ”ཚང་མ་ངེས་པར་དུ་ཚོན་ལྡན་ཅན་གྱིས་དཔར་དགོས་པ་མ་ཟད། རྒྱུགས་སྤྲོད་སློབ་མ་རང་ཉིད་ཀྱིས་མིང་རྟགས་འགོད་དགོས། 

རྒྱུགས་སྤྲོད་སློབ་མས་རང་ཉིད་དང་མཉམ་སྡོད་མི་སྣའི་རྒྱུགས་མ་བླངས་གོང་གི་ཉིན14ཡི་རིང་གི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། རྒྱུགས་སྤྲོད་སློབ་མ་རང་ཉིད་དང་མཉམ་སྡོད་མི་སྣའི་རྒྱུགས་མ་བླངས་གོང་གི་ཉིན3གྱི་སྔོན་དུ་ཚ་བ་རྒྱས་པའི(ཏུའུ་གྲངས37.3དང་དེ་ལས་མཐོ་བ)ནད་རྟགས་ཡོད་ཚེ། དུས་ཐོག་ཏུ་ཡིག་རྒྱུགས་ཁུལ་གྱི་རྒྱུགས་བསྡུའི་གཞུང་དོན་ཁང་ལ་སྙན་སེང་ཞུ་དགོས། ཡིག་རྒྱུགས་ཁུལ་གྱི་སློབ་བསྡུ་གཞུང་དོན་ཁང་གིས་དུས་ཐོག་ཏུ་བདག་སྤྲོད་བྱས་ནས། རྒྱུགས་སྤྲོད་སློབ་མ་རྒྱུན་ལྡན་ལྟར་ཡིག་རྒྱུགས་ནང་ཞུགས་པར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས། རྒྱུགས་སྤྲོད་སློབ་མ་རང་ཉིད་དང་མཉམ་སྡོད་མི་སྣའི་བདེ་ཐང་གནས་ཚུལ་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་དགོས་པ་ལས་སྦ་གསང་གཏན་ནས་བྱས་མི་ཆོག 

ས་ཆ་གཞན་ནས་ཕྱིར་རྒྱུགས་སྤྲོད་དུ་ཡོང་དགོས་པའི་སློབ་མས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་ཚོགས་ཆུང་གི་ཡིག་རྒྱུགས་དང་རིམས་འགོག་གི་གཏན་འབེབས་ལ་གཞིགས་ནས། ངེས་པར་དུ་ཟླ5བའི་ཚེས23ཉིན་གྱི་སྔོན་དུ(རྒྱུགས་མ་བླངས་གོང་གི་ཉིན14ཡི་སྔོན)ཕྱིར་རང་གི་རྒྱུགས་ཁུལ་དང་གྲོང་ཁྱེར། ཁུལ་དུ་ཐོན་དགོས། དེ་ལྟར་མ་བྱས་ན་གལ་ཏེ་གློ་བུར་དུ་རིམས་ནད་བྱུང་ཚེ་རྒྱུགས་ལ་ཞུགས་པར་ཤུགས་རྐྱེན་བཟོ་ངེས་ཡིན། རྒྱུགས་སྤྲོད་སློབ་མའི་ཕྱིར་ལོག་པའི་ཆ་འཕྲིན་སྔོན་དུ་ཡིག་རྒྱུགས་ཁུལ་གྱི་གཞུང་དོན་ཁང་དང་ས་གནས་ཀྱི་སྡེ་ཁུལ་ལ་སྙན་སེང་ཐོ་འགོད་བྱེད་དགོས་པ་དང་། ས་ཁུལ་དུ་ཐོན་ཚེ་མཚོ་སྔོན་ཞིང་ཆེན་དང་ཡིག་རྒྱུགས་ཁུལ་གྱི་ཁོངས་གཏོགས་ས་ཁུལ་གྱི་རིམས་འགོག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པ་མ་ཟད། དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་དང་ས་གནས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་དགོས། ཕྱིར་ལོག་སྐབས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། མིང་ཐོ་འགོད་སྐབས་ཡར་ཞུ་བྱས་པའི་ཁ་པར་ཨང་གྲངས་ཤར་གཏོང་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཆ་འཕྲིན་གྲལ་བཤེར་དང་ལོགས་བཀར་དོ་དམ་ཚོད་འཛིན་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། གལ་ཏེ་རིམས་ནད་བྱུང་བའི་ས་ཁུལ་དང་ཡང་ན་ཞིང་ཆེན་ཕྱི་ནས་ཡོང་བའི་སློབ་མས་རྒྱུགས་ཁུལ་གྱི་གཞུང་དོན་ཁང་ལ་ཐོ་འགོད་བྱས་མེད་ཚེ། ངེས་པར་དུ་ཐོ་འགོད་ཁ་གསབ་བྱེད་དགོས་པ་དང་། རང་ཉིད་དང་མཉམ་དུ་ཡོང་བའི་མི་སྣའི་བདེ་ཐང་དང་འགྲོ་སྐྱོད་གནས་ཚུལ་སྦ་གསང་བྱས་མི་ཆོག རྒྱུགས་སྤྲོད་སློབ་མ་རང་ཉིད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་ཁོངས་གཏོགས་ཁུལ་གྱི་བླང་བྱ་བརྩི་སྲུང་མ་བྱས་པར་རིམས་ནད་དོ་དམ་ཚོད་འཛིན་གྱི་ཉེན་ཁ་བྱུང་ཚེ། བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ལ་རྒྱུན་ལྡན་ལྟར་རྒྱུགས་ནང་དུ་ཞུགས་པར་ཡང་ཤུགས་རྐྱེན་ཐེབས་ངེས་ཡིན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།