ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐོ་ཡིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་མཚོ་སྔོན་པོའི་མཐའ་འཁོར་དུ་སོང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དང་ཆུའི་གནས་ཚུལ་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། གད་སྙིགས་གཙང་དག་བཅོས་སྐྱོང་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བྱ་བ་གཙོ་བོར་ཆེད་དོན་ཞིབ་འཇུག་དང་འཆར་འགོད་བྱས།

ལིའུ་ཐོ་ཡིས་བསྟན་དོན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་རེ་བ་གལ་ཆེན་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་བྱེ་བྲག་དང་། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་དམིགས་ནས་འཆར་འགོད་དང་བཀོད་སྒྲིག་བཟང་བོ་བྱས་པས། སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་གྱིས་མཉམ་ལས་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་གསར་བ་ཐོག་མར་བཙུགས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་དངོས་སུ་མཚོ་སྔོན་པོའི་ཁར་ཕེབས་ནས་ལྟ་ཞིབ་བྱེད་དུས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་དམིགས་ནས། རྒྱུས་ལོན་ཡང་དག་བྱེད་པ་དང་། ཞིབ་འཇུག་ཞིབ་མོ་བྱས་ཏེ། ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས། རྨང་གཞི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དོ་དམ་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། འཁོར་རྒྱུག་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ། ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། མཚོ་སྔོན་པོའི་རང་སྟེང་གི་ཁྱད་ཆོས་དང་མཐུན་པའི་འཛུགས་སྐྲུན་ལམ་བུ་བཏོད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཆུ་གློག་ལམ་དྲ་དང་སྐྱེ་ཁམས་ལྟ་ཞིབ། སྐྱེ་ཁམས་ཤེས་ཚོར། དོ་སྲུང་སྐོར་ཞིབ། གད་སྙིགས་བཙོག་ཆུ་ཐག་གཅོད། བདེ་འཇགས་མྱུར་སྐྱོབ་སོགས་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཆུའི་སྐྱེ་ཁམས་བདེ་འཇགས་ཞིབ་འཇུག་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུའི་གནས་བབ་འགྱུར་ལྡོག་ལ་སྔོན་དཔག་བྱེད་པ། ཆུ་གནས་འགྱུར་ལྡོག་ཐད་ཀྱི་གསར་བྱུང་གནད་དོན་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། རྒྱུད་རྣམ་སྒོས་གད་སྙིགས་གཙང་དག་བཅོས་སྐྱོང་འགུལ་སྐྱོད་སྤེལ་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་ཚད་གཞི་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།