ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་པད་མ་རྫོང་གིས་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

12.jpg

13.jpg

པར་འདི་དག་ནི་སྨར་ཁོག་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུ་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ལོ་ལྔའི་འཛུགས་སྐྲུན་བྱས་པ་བརྒྱུད་པད་མ་རྫོང་གི་སྨར་ཁོག་གཙང་པོའི་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་ཞིབ་བཤེར་རྩིས་ལེན་བྱུང་བ་མ་ཟད། སྐྱེ་དངོས་ཀྱི་རིན་ཐང་ཅུང་མཐོ་བའི་གཞི་རྒྱུའི་མཛོད་དུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པད་མ་རྫོང་ནི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། འབྲི་ཆུའི་འབྱུང་ཡུལ་སྟོད་རྒྱུད་ཀྱི་ཆུ་ཁུངས་གཙོ་བོ་ཡིན། མངའ་ཁོངས་ནང་གི་སྨར་ཁོག་ནགས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ནགས་ར་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་ནགས་ཚལ་གྱི་རང་བྱུང་གདོད་མའི་ནགས་ཁུལ་ཞིག་རེད།

ངོ་སྤྲོད་ལྟར་ན། པད་མ་རྫོང་ཁོངས་ཀྱི་སྨར་ཁོག་ཆུ་བོ་ནི་འབྲི་ཆུའི་རིམ་པ་དང་པོའི་ཆུ་ཕྲན་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཡུལ་ཡིན་ལ། སྟོངས་ལ་ཉེ་བའི་ཆུ་གྲང་མོའི་ཉ་རིགས་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲོན་ཧྲའན་ཀྲེའི་ཉ་རིགས་མཚོ་སྔོན་ཞིང་ཆེན་དུ་ཁྱབ་ཡུལ་ཁོ་ན་ཡིན་པས། དེའི་མཐའ་འཁོར་དུ་རྩི་ཤིང་རིགས52དང་ཚན་ཁག223གྱི་རིགས596ཡོད་ལ། རི་སྐྱེས་སྲོག་ཆགས་རིགས27དང་ཚན་ཁག57གྱི་རིགས148བཅས་ཡོད་པ་མ་ཟད། ནགས་ཀྱི་གླ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་དང་དང་རྩི་ཤིང་ཡོད་པས། སྐྱེ་དངོས་ཀྱི་རིན་ཐང་ཅུང་མཐོ་བའི་གཞི་རྒྱུའི་མཛོད་དུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་། པད་མ་རྫོང་གིས་རྫོང་ཁོངས་ཀྱི80%ཡན་གྱི་ས་ཞིང་སྐྱེ་ཁམས་དམར་ཐིག་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་པད་མ་སྨར་ཁོག་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཧུར་ཐག་བཏོད་དེ། གནས་ཡུལ་གྱི་གནས་བབ་ཞན་པ་དེ་རྗེས་ཐོན་ལེགས་ཆར་སྒྱུར་ཏེ་སྐྱེ་ཁམས་རིན་ཐང་འདོན་སྤེལ་བྱས་ནས་མི་དང་རང་བྱུང་འཆམ་མཐུན་གྱི་ལེའུ་གསར་པ་རྩོམ་བཞིན་ཡོད། ལོ་ལྔ་ཡི་ཚོད་ལྟའི་འཛུགས་སྐྲུན་བྱས་པ་བརྒྱུད2021ལོའི་ཟླ12པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་ཞིབ་བཤེར་རྩིས་ལེན་བྱས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། པད་མ་སྨར་ཁོག་གཙང་པོའི་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་ཡང་དེ་ནང་ཚུད་པ་རེད།

ལོ་ལྔ་ཡི་འཛུགས་སྐྲུན་བྱེད་པའི་རིང་། པད་མ་རྫོང་གིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཆོག་མཆན་ཐོབ་པའི་བརླན་སའི་སྤྱི་གླིང་གི་སྤྱིའི་འཆར་འགོད་གཞིར་བཟུང་ནས། སྔ་རྗེས་སུ་འཛུགས་སྐྲུན་མ་དངུལ་སྒོར་ཁྲི6700ལྷག་བཏང་བའི་ནང་མ་དངུལ་སྒོར་ཁྲི800བཏང་ནས་མིས་ཐབས་ལ་བརྟེན་ནས་ནགས་བཟོ་བྱས་པ་དང་། མ་དངུལ་སྒོར་ཁྲི700བཏང་ནས་སྐྱེ་ཁམས་མཛེས་ལྗོངས་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི་འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི770བཏང་ནས་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་སྤྱད་པ་བཅས་ལ་བརྟེན། སྤྱིའི་རྒྱ་ཁྱོན་སྤྱི་ཆིང1610.74ཟིན་པའི་མཚོ་སྔོན་པད་མ་སྨར་ཁོག་རྒྱལ་ཁབ་བརླན་སའི་སྤྱི་གླིང་སྐྲུན་པ་རེད།

མིག་སྔར། རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལྟར། རྫོང་དེས་ད་དུང《མཚོ་སྔོན་པད་མ་སྨར་ཁོག་རྒྱལ་ཁབ་བརླན་སའི་སྤྱི་གླིང་དོ་དམ་བྱ་ཐབས》བཟོས་ཤིང་། དོ་དམ་ལས་དོན་ཐད་ཁོངས་གཏོགས་ཁུལ་གྱི་རྩ་དོན་གཞིར་བཟུང་ནས་བརླན་སའི་སྤྱི་གླིང་སྲུང་སྐྱོང་ས་ཁོངས་དག་ཤང་དང་གྲོང་རྡལ་ཁག་ཏུ་ཁག་བགོས་དོན་འཁྱོལ་བྱས་ཏེ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་འགན་ཁུར་མཉམ་ལེན་དང་ལས་དོན་སྤྱི་སྒྲུབ་དང་། སྡེ་ཚན་གྱིས་ལས་བགོས་མཉམ་སྒྲུབ་བྱེད་པ། མང་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་།

པད་མ་རྫོང་གི་གཞུང་ཕྱོགས་ཀྱིས། རྫོང་དེས་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས་མགོ་བཙུགས་ཏེ་རྒྱལ་ཁབ་ཀྱི་རྩྭ་ཐང་གི་རང་བྱུང་སྤྱི་གླིང་དང་རྒྱལ་ཁབ་ཀྱི་རྒྱང་སྐྱོད་རིག་གནས་སྤྱི་གླིང་ཧུར་ཐག་བསྐྲུན་ནས། རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་། འཁྱགས་རོམ་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།