ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་དཔྱིད་ཀར་མཚོ་སྔོན་ཞིང་ཆེན་གྱིས་སྡོང་རྐང་ཁྲི758ལྷག་འདེབས་འཛུགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་ཏེ་མཚོ་སྐྱོར་ནགས་ཚལ་དང་ཙོང་ཆུའི་འགྲམ་གྱི་ནགས་ཚལ། མི་རིགས་མཐུན་སྒྲིལ་ནགས་ཚལ། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་ནགས་ཚལ་སོགས་ཁྱད་ལྡན་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ་རེད། མིག་སྔའི་བར། ཞིང་ཆེན་ཡོངས་སུ་འོས་འགན་སྡོང་འཛུགས་སྡོང་རྐང་ཁྲི758.5ལྷག་བྱས་པ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི98.3ཟིན་ཡོད།

ད་ལོ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་སྐུལ་སློང་ཚོགས་ཆེན་འཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་དང་མཛེས་པའི་ཁྱིམ་གཞིས་བསྐྲུན་པའི་ཚ་རླབས་ཤིག་འཕྱུར་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལྟར། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཁུལ་དུ་མིས་ཐབས་ཀྱི་ནགས་སྐྲུན་དང་རི་རྒྱ་བསྡམས་ནས་ནགས་ཚལ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་། བརླན་ས་སྲུང་སྐྱོང་དང་ཉམས་གསོ་འབུར་ཐོན་བྱ་རྒྱུ། ནགས་ས་དང་རྩྭ་སའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་མ་ལག་འཁོར་རྒྱུག་ལེགས་པ་བྱ་རྒྱུ་བཅས་མངོན་འགྱུར་བྱུང་བ། ཚྭ་འདམ་གཤོང་ས་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཁུལ་དུ་ནགས་ཚལ་དང་། རྩྭ་ཐང་། སྔོ་ཁེབས་སྲུང་སྐྱོང་སླར་གསོ་དང་། སྔོ་ལྗང་ཇེ་མང་དུ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། བྱེ་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ནགས་ཚལ་གཙོ་བོར་བྱེད་པ་དང་ནགས་ཚལ་དང་རྩྭ་ཐང་ཟུང་དུ་འབྲེལ་བའི་རླུང་འགོག་བྱེ་འཇགས་ཀྱི་ནགས་སའི་མ་ལག་འཛུགས་པ། རྨ་ཆུ་དང་ཙོང་ཆུའི་གཞོང་སའི་སྐྱེ་ཁམས་སླར་གསོ་རིམ་སྤོར་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། རྨ་ཆུ་དང་ཙོང་ཆུའི་ངོགས་ལྗང་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཟི་ལིང་གི་ལྷོ་རི་དང་བྱང་རིའི་དུས་ཐེངས་བཞི་པའི་ལྗང་སྒྱུར་ལས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་སྒྱུར་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ། སྐྱེ་ཁམས་ཞབས་ཞུའི་རིན་ཐང་དང་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་འོས་འགན་སྡོང་འཛུགས་དང་སྡོང་འཛུགས་ནགས་སྐྲུན་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ལྗང་སྒྱུར་དང་མཛེས་བཟོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་འགུལ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། 2017ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ་ལྔའི་རིང་ཚད་གཞི་མཐོ་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་སྐུལ་སློང་ཚོགས་ཆེན་འཚོགས་ཏེ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ས་གནས་ཁག་གིས་སྡོང་འཛུགས་དུས་ཆེན་དང་འཛམ་གླིང་ནགས་ཚལ་ཉིན་མོ། འཛམ་གླིང་ཐང་རྒོད་འགོག་བཅོས་ཉིན་མོ་སོགས་ཀྱི་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ་ནས། འོས་འགན་སྡོང་འཛུགས་ཀྱི་འགན་འཁྲིའི་བྱེད་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་བཏང་། འོས་འགན་སྡོང་འཛུགས་ཁས་ལེན་དང་། བདག་སྐྱོང་ངལ་རྩོལ། ལྗང་སྒྱུར་དྲིལ་སྒྲོག སྐྱེ་ཁམས་སྲུང་སྐྱོང་། གསོ་སྐྱོང་དོ་དམ། མ་དངུལ་དང་དངོས་པོ་ཞལ་འདེབས་འབུལ་བ། དང་བླངས་ཞབས་ཞུ་སོགས་ཀྱི་རྣམ་པ་བརྒྱུད། མི་རིགས་མཐུན་སྒྲིལ་ནགས་ཚལ་དང་། དང་བླངས་པའི་ནགས་ཚལ། རྒྱལ་སྲུང་ནགས་ཚལ། མཚོ་སྐྱོར་ནགས་ཚལ་སོགས་ཀྱི་བརྗོད་གཞིའི་ནགས་ཚལ་སྐོར་ཞིག་སྐྲུན་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་སྤྱི་ཆིང1754400བྱས་པ་དང་། འོས་འགན་སྡོང་འཛུགས་སྡོང་རྐང་ཁྲི9810བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།