ཀྲུང་གོ་བོད་ཀྱི་དྲ་བ།

དབང་བོ་སྐྱོན་ཅན་ཀྲན་ཀྲང་སངས་རྒྱས་རྒྱལ་གྱི་བདེ་སྐྱིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མེ་ཟོན་འགོག་རགས་གཅིག་གི་ལམ་ཐག་ཧྲིལ་པོར་གོམ་པ37740བསྐྱོད་དགོས་པ་དང་ཆུ་ཚོད8འགོར་གྱི་ཡོད།

འགོག་རགས་འདིའི་སྟེང་ནས་ལག་པ་གཅིག་ཅན་གྱི་ཀྲན་ཀྲང་སངས་རྒྱས་རྒྱལ་ལོ་ངོ13ལ་སོང་མྱོང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལྷོ་ནུབ་ཀྱི་ལོ་བ་ནགས་རའི་གཉེར་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི2.1ཙམ་ཟིན་པའི་ནང་ནགས་ལས་ཐད་སྤྱོད་པའི་ས་ཆ་སྤྱི་ཆིང་ཁྲི1.8ཙམ་ཡོད། དབྱར་དུས་སུ་མཐོ་ས་ནས་ཐུར་བལྟ་བྱས་ཚེ།  དེ་ནི་རི་ཁྲོད་དུ་ཕྲ་རྒྱན་བཏབ་པའི་གཡང་ཊི་ཆེན་པོ་ཞིག་དང་འདྲ་བར་ནུབ་བྱང་ནས་ཤར་ལྷོའི་བར་དུ་བསྲིངས་ཡོད། 1979ལོར་ནགས་ར་དངོས་སུ་བཙུགས་པ་ནས་བཟུང་ལོ་བ་ནགས་རའི་འོག་ཏུ་དོ་དམ་སྲུང་སྐྱོང་ས་ཚིགས་13དང་ནགས་སྲུང་རུ་ཁག1བཙུགས་ཡོད་པ་དང་། ལག་པ་གཅིག་ཅན་གྱི་ཀྲན་ཀྲང་སངས་རྒྱས་རྒྱལ་གྱི་དོ་དམ་མངའ་ཁོངས་ཀྱི་སྣ་ཁ་དོ་དམ་སྲུང་སྐྱོང་ས་ཚིགས་ནི་དེའི་གྲས་ཤིག་རེད།

“ས་ཚིགས་སུ་གནམ་སྲུང་བཟོ་འགོད་ཀྱི་ནགས་སྲུང་བ4བཀོད་སྒྲིག་བྱས་ཡོད་པ་དང་། གཞན་ཡང་གནད་སྨིན་དབུལ་ཐར་གྱི་རྩྭ་ས་བདག་སྐྱོང་བ36གིས་ཐུན་མོང་ཐོག་སྣ་ཁའི་ནགས་ཁུལ་ལ་སྲུང་སྐྱོང་བྱེད་བཞིན་ཡོད།”ཞེས་སངས་རྒྱས་སྐྱབས་ཀྱིས་བཤད་པ་དང་། སྣ་ཁའི་དོ་དམ་སྲུང་སྐྱོང་ས་ཚིགས་ནི་གཅན་ཚ་རྫོང་ཚོ་དྲུག་ཤང་དང་སྐྱ་རྒྱ་ཤང་གི་འབྲེལ་མཚམས་ཀྱི་རི་སྟེང་དུ་གནས་ཡོད་ཟེར། ཐེངས་རེར་རི་བསྐོར་དུ་མ་བསྐྱོད་གོང་། ཁོང་གིས་ལྟ་ཞིབ་ས་ཚིགས་ཀྱི་སྟེགས་བུའི་ཐོག་ལངས་ནས་རྒྱང་ལྟ་བྱེད་པ་དང་། ཉེ་འགྲམ་དུ་ལས་གྲོགས་ཤིག་ཡོད་ཚེ། སངས་རྒྱས་རྒྱལ་གྱི་ལུས་གཟུགས་ནི་ཁྱད་པར་ཅན་ཞིག་རེད། དབང་པོར་སྐྱོན་ཤོར་བའི་རྒྱུ་རྐྱེན་ལ་མཚོན་ན། ཁོས་ཐེངས་རེ་རེར་རགས་རིམ་ཙམ་ཞིག་ལས་མི་བརྗོད་དེ། “ང་ལོ་ན་ཆུང་དུས། ལག་པ་གཡས་པ་སེམས་ཆུང་མ་བྱས་པར་འབྲུ་འདོན་འཕྲུལ་འཁོར་གྱིས་བཅད་པ་ཡིན”ཟེར།

ཐེངས་དེའི་དོན་རྐྱེན་གྱིས་སངས་རྒྱས་རྒྱལ་རྒྱལ་ལ་རྡུང་རྡེག་ངེས་ཅན་ཞིག་ཐེབས་ནའང་། བློ་རྩ་བརྟན་པའི་ན་གཞོན་དེས་འཚོ་བའི་དམིགས་འབེན་དང་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་འཚོལ་བར་བཀག་འགོག་བྱེད་ཐུབ་མེད། ལོ13ཡར་སྔོན་ལ། ལས་དབང་ཞིག་གིས་སངས་རྒྱས་རྒྱལ་ལ་ནགས་སྲུང་བ་ཞིག་ཏུ་གྱུར་ཞིང་། ཁོང་གིས“ང་ནགས་ཁུལ་འདིར་སོང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྲོག་ཆགས་དང་རྩི་ཤིང་མཐོང་དུས། ཧ་ཅང་མཛེས་སྡུག་ལྡན་པའི་ཚོར་སྣང་ཞིག་བསྐྱེད་ཡོང་ལ། ལས་ཀ་འདིར་ཡང་ཧ་ཅང་དགའ་པོ་བྱུང”ཟེར། དུས་བཞིའི་རེས་སྐོར་ཁྲོད་སངས་རྒྱས་རྒྱལ་ལས་རིགས་འདིར་དེ་བས་དགའ་སྤྲོ་སྐྱེས་ཤིང་། 2010ལོའི་ཟླ5པར། ཁོང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ལ་གདན་ཞུ་བྱས་ནས་སྤྱི་ཆིང130ལྷག་གི་ས་ཁོངས་ལ་བསྐོར་སྲུང་བྱ་རྒྱུའི་འགན་འཁུར་དུ་བཅུག

“ཁྱེད་རང་ནགས་ཚལ་ཁྲོད་དུ་འགྲོ་སྐབས། རང་བྱུང་ཁམས་ཀྱི་མཛེས་ཉམས་ཚོར་ཐུབ་པས། སྲུང་སྐྱོང་གི་སེམས་པ་ཡང་ངང་ངམ་ཤུགས་ཀྱིས་སྐྱེས་སྲིད་ལ། དཀའ་ཚེགས་ཅི་འདྲ་ཆེ་ཡང་སྐྱིད་སྣང་ཞིག་འཆར་ཡོང་།”བསྐོར་སྐྱོད་ནགས་སྲུང་བྱེད་པའི་ཉིན་དེ་དག་ནང་། སངས་རྒྱས་རྒྱལ་དང་ལས་རོགས་ཚོས་རྟག་ཏུ་རི་ཆུ་དང་ལ་ལུང་བརྒལ་ནས་སྟབས་བདེའི་ཐུག་པ་དང་སྐམས་ཚལ། ཀོ་རེ་སོགས་ཀྱི་ངམ་ངོམ་ཁ་ཟས་ལ་བརྟེན་བཞིན་ཡོད། ཟ་མ་ཟ་བའི་བར་གསེང་དུ་ཚང་མས་རྩྭ་ཐང་སྟེང་སྐྱིལ་ཀྲུང་དུ་བསྡད་དེ་ལག་ཐོགས་ཁ་པར་ནས་པར་བརྒྱབ་པའི་འདྲ་པར་ལ་ལྟ་བཞིན་དུ་རི་སྐྱེས་སྲོག་ཆགས་ཤྭ་ཁྱུས་སྐབས་རེར་ནགས་ཁྲོད་དུ་རྩེད་འཇོར་རོལ་བ་དང་སྐབས་རེར་མཆོང་རེས་བྱེད་བཞིན། དེ་དག་ནི་ཁོ་ཚོས་ཉིན་མཚན་མེད་པར་ལྟ་སྲུང་བྱེད་པའི་ནགས་རིའི་ཁྲོད་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྣང་བརྙན་བཟང་པོ་དེ་དག་ནི་ཁོ་ཚོར་མཚོན་ནས་བཤད་ན་ལས་ཀའི་གྲུབ་འབྲས་ཤིག་ཡིན་ལ་བདེ་སྐྱིད་ཅིག་ཀྱང་རེད།

ད་དུང་བདེ་སྐྱིད་གཞན་ཞིག་ནི་ཉེ་འཁོར་གྱི་མང་ཚོགས་ལས་བྱུང་བ་ཡིན་ཏེ། ལོ་རེའི་བོད་ཀྱི་ལོ་གསར་གྱི་སྐབས་ནི། སངས་རྒྱས་རྒྱལ་དང་ལས་རོགས་ཚོ་ལས་བྲེལ་ཆེ་ཤོས་ཀྱི་ཉིན་མོ་ཡིན། “ལོ་རེའི་ལོ་སར་སྐབས་སུ། ང་ཚོའི་བསམ་འདུན་ཆེ་ཤོས་ནི་མི་རྣམས་ཀྱིས་མཛད་སྒོ་མཇུག་འགྲིལ་རྗེས་མེ་སྟག་གསོད་པ་དང་། ད་དུང་རླུང་ཆེན་པོ་མི་གཡུག་རྒྱུ་དེ་ཡིནཟེར། 2017ལོར་ནགས་ཁུལ་གྱི་སྡེ་མི་ཞིག་གིས་བསང་ཕུད་སྐབས། གཞི་ཁྱོན་ཆུང་བའི་མེ་སྐྱོན་བསླངས་པས། སངས་རྒྱས་རྒྱལ་གྱིས་འཕྲལ་དུ་རུ་མི16གི་སྣེ་ཁྲིད་ནས་མེ་གསོད་པར་བསྐྱོད་པ་དང་། ལག་ཆ་མེར་བསྲེགས་པས་ཁོང་ཚོས་རང་ཉིད་ཀྱི་གྱོན་གོས་ཕུད་ནས་ཆུ་ཚོད3ལྷག་གི་རིང་ནུས་ཤུགས་མཉམ་འདོན་གྱིས་ནགས་ཚལ་གྱི་མེ་སྐྱོན་བསད་པ་རེད། སླར་ཡང་མེ་སྐྱོན་ཤོར་བར་དོགས་ཟོན་བྱ་ཆེད། ཁོ་དང་རུ་མི་ཚོས་གྲང་རླུང་ཁྲོད་ལས་རེས་བྱས་ནས་ནམ་གསལ་རག་བར་དུ་བསྡད་པ་རེད།

དེ་ནས་བཟུང་། དོ་དམ་སྲུང་སྐྱོང་པ་ཚོས་མེ་སྐྱོན་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ནགས་ཁུལ་མང་ཚོགས་ལ་མུ་མཐུད་དུ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། མེ་ཟོན་རོགས་སྐྱོབ་ཀྱི་རྩལ་ནུས་ཁྲིད་ནས་ཚང་མའི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་གཏིང་ཟབ་དང་ནུས་པ་ཆེ་རུ་བཏང་། “ད་ལོའི་ལོ་གསར་དུས་ཆེན་རིང་དུས་ཡུན་རིང་པོར་ཁ་བ་མ་བབས་པས། ནགས་ཚལ་གྱི་མེ་ཟོན་ལ་གནོད་པ་ཧ་ཅང་ཆེ། ཉེ་འགྲམ་གྱི་མང་ཚོགས་རྣམས་ཀྱིས་ཀྱང་ནགས་ཚལ་གྱི་མེ་ཟོན་ལ་དོ་ཁུར་གནང་ནས། ང་ཚོའི་ལས་ཀར་རྒྱབ་སྐྱོར་གང་ལེགས་བྱས་པས། ང་རང་སེམས་འགུལ་ཆེན་པོ་ཐེབས་ཡོད”ཞེས་སངས་རྒྱས་རྒྱལ་གྱིས་དགའ་སྤྲོས་ངང་བཤད།

གཅན་ཚ་རྫོང་གིས་མིས་བཟོས་ནགས་ཚལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་བསྟུན། ཕྱོགས་གཅིག་ནས་རྫོང་ཡོངས་ཀྱི་རི་ཁུལ་གྱི་ལྗང་བསྒྱུར་རྒྱ་ཁྱོན་མུ་མཐུད་དུ་རྒྱ་ཇེ་ཆེར་སོང་བ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་རང་རྟོགས་སྒོས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་ཉིན་རྒྱུན་གྱི་དྲིལ་སྒྲོག་སློབ་གསོའི་ཁྲོད་མཐོར་འདེགས་བྱུང་ལ། སྐྱེ་ཁམས་ཁོར་ཡུག་ཀྱང་རིམ་བཞིན་ཇེ་ལེགས་སུ་སོང་བས། སངས་རྒྱས་རྒྱལ་ཀྱིས་རང་ཉིད་སྐྱེ་ཁམས་བདག་སྐྱོང་བ་ཞིག་ཡིན་པའི་ངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།