2022ལོར་ཀྲུང་དབྱང་གིས་རང་ཞིང་ལ་རིག་དངོས་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། གསར་འགོད་པས་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར། ནོར་སྲིད་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བྱིན་པ་དང་། དེའི་ཁྲོད2021ལོའི་ལོ་མཇུག་ཏུ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བྱིན་ལ། 2022ལོའི་ཟླ4པར་མ་དངུལ་སྒོར་བྱེ་བ་བཞི་བྱིན། མ་དངུལ་དེ་གཙོ་བོར་ཞིང་ཆེན་ཡོངས་ཀྱི་རིག་དངོས་རང་གཟུགས་ཀྱི་གཞི་གསོ་སྲུང་སྐྱོབ་དང་འགྲེམ་སྟོན་བེད་སྤྱོད། རིག་དངོས་ཀྱི་བདེ་འཇགས་འགོག་སྲུང་། མེ་འགོག་མེ་གསོད། ཐོག་འགོག གནའ་དཔྱད། རྩད་གཅོད་དང་སྔོག་འདོན། སྤོ་སྒུལ་རིག་དངོས་ལག་རྩལ་སྲུང་སྐྱོབ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ། གཞི་གྲངས་ཅན་གྱི་སྲུང་སྐྱོབ་ཐད་མཁོ་བའི་འགྲོ་གྲོན་བཅས་ཐད་བཀོལ་རྒྱུ་ཡིན་པ་མ་ཟད། གསར་བརྗེའི་རིག་དངོས་དང་བྲག་ཕུག་ལྷ་ཁང་གི་རིག་དངོས། གནའ་དཔྱད་དང་རྨ་ཆུ། འབྲི་ཆུ། རྒྱང་བསྐྱོད། ལྕགས་རི་རིང་བོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བཅས་རིག་དངོས་སྡེ་ཁག་གཙོ་བོའི་སྲུང་སྐྱོབ་བེད་སྤྱོད་ཐད་ཀྱང་བཀོལ་སྤྱོད་བྱེད་རྒྱུ་རེད།

ཞིང་ཆེན་རིག་དངོས་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རིག་དངོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བྱེད་པ། ས་ཁུལ་སོ་སོས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་གྲོན་དངུལ་ཡར་ཞུ་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་བྱེད་ཆེད། 2022ལོར་གཅིག་གྱུར་འཆར་འགོད་ཕྱོགས་ཡོངས་ལྟ་རྟོག་བྱས་ནས་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞིའི་གནས་རྙིང་དང་སྣང་ར་སྟོང་དཔོན་གཞིས་ཀ གྲོ་ཚང་རྡོ་རྗེ་འཆང་སོགས་རྒྱལ་ཡོངས་རིག་དངོས་གཙོ་བོའི་རང་གཟུགས་སྲུང་སྐྱོབ་ཞིག་གསོ་དང་སྐུ་འབུམ་དགོན་པའི་བདེ་འཇགས་འགོག་སྲུང་རིམ་སྤོར་བསྒྱུར་བཀོད། བྲག་ཕུག་ལྷ་ཁང་དང་འབྲི་ཆུའི་བཞུར་རྒྱུད་ཀྱི་རིག་དངོས་ཐོན་ཁུངས་བརྟག་བཤེར། ཏུའུ་ལན་ཆུ་ཁོལ་བང་སོ་ཚོགས། ཐུན་ཏེ་རྫོང་རུ་གནས་རྙིང་། གུང་ཧོ་ཅང་སི་ཡུལ་ཚོའི་ཤུལ་བཞག་གནའ་དཔྱད་སྔོག་འདོན། ས་ཐོན་རིག་དངོས་གཙོ་བོའི་ཡུལ་དངོས་སྲུང་སྐྱོབ་དང་ཞིག་གསོ་སོགས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་གཞི་སོ་བཞི་ལག་བསྟར་བྱེད་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།