ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་།  ཁེ་ལས་ཀྱི་ཐོན་སྐྱེད་དང་དངོས་ཟོག་སྐྱེལ་འདྲེན་གེགས་མེད། དངོས་ཟོག་མཁོ་འདོན་འགན་སྲུང་། མང་ཚོགས་ཀྱི་གཞི་རྩའི་འགན་སྲུང་སོགས་བྱ་བ་བཟང་བོར་བསྒྲུབ་ཆེད། རང་ཞིང་གི་བཟོ་ལས་ཆ་འཕྲིན་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་དང་གཙོ་གཞི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་ལ། གནས་བབ་གསར་བར་མཐུན་པར་བྱས་པ་དང་། འགྱུར་ལྡོག་གསར་བ་ཁོང་དུ་ཆུད་པར་བྱས་ཤིང་། བྱེད་ཐབས་སྔོན་དུ་སྤྱད་པ་དང་བདེན་འཛིན་དངོས་གཉེར་བྱས་པས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ཐད་ནས་གཏན་འཇགས་ཀྱི་རྣམ་པ་རྒྱུན་བསྲིང་བྱས།

བཟོ་ལས་དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བའི་རྐྱེན་སྲོལ་རྒྱུན་འཁྱོངས་བྱེད་ཆེད། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་འཇགས་ངང་འཕར་སྣོན་གཏོང་བའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པ་དང་། ཁྱབ་ཁོངས་བཞིའི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དགུ་བཙུགས་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཁོར་རྒྱུག་གི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཞབས་ཞུ་སྤེལ་ལ། ས་ཁུལ་སོ་སོའི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ཐད་གནས་པའི་དཀའ་ཁག་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་ཐག་བཅད། ཉེ་དུས་ཀྱི་རིམས་ནད་འགོག་སྡོམ་གནོད་པ་རྒྱུན་མཐུད་པ་དང་བཟོ་ལས་དཔལ་འབྱོར་གྱི་འཕར་ཆག་ཅུང་ཆེ་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ཐད་ཀྱི་བཀོད་གཏོང་དང་དབྱེ་ཞིབ་ལ་ཤུགས་བསྣན་པ་དང་། ལྷག་པར་དུ་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་ཀྱི་གནོད་པ་དང་བཟོ་ཐོན་མཚམས་འཇོག་སོགས་གནས་ཚུལ་ཐད་ཀྱི་ལྟ་ཞིབ་ཚད་ལེན་ཇེ་དྲག་ཏུ་བཏང་ལ། བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གྱི་ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་བསྣན་པ་དང་། ཐོན་སྐྱེད་རྒྱུ་རྐྱེན་མཐུན་སྦྱོར་འགན་སྲུང་ལེགས་བསྒྱུར་བྱས་ཏེ། རྒྱུན་རྣམ་འོག་གི་རིམས་ནད་འགོག་སྡོམ་གྱི་དངོས་ཟོག་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་མ་ཟད། ས་ཆ་སོ་སོའི་བཟོ་ལས་ཆ་འཕྲིན་སྡེ་ཁག་དང་མཉམ་དུ་ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་སེལ་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། དུས་ཐོག་ཏུ་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་ཁྲོད་ཀྱི་དཀའ་ཁག་གནད་དོན་ཐག་བཅད་པས། ཟླ་དང་པོ་ནས་ཟླ་བཞི་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བརྟན་བརླིང་འཁོར་རྒྱུག་གི་རྣམ་པ་རྒྱུན་འཁྱོངས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།