ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རིམས་ནད་འགོག་སྡོམ་ཐད་སྒོར་འབུམ་བདུན་དང་ཁྲི་གཉིས་ཀྱིས་རོགས་རམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ཛ་དྲག་ཆེ་བའི་རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་དམིགས་ནས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་དངོས་སུ་བཟང་པོར་སྒྲུབ་པ་དང་མཉམ་དུ། སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པར་མ་དངུལ་སྒོར་འབུམ་བདུན་དང་ཁྲི་གཉིས་བྱིན་ནས། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མ་དངུལ་ཁྲོད་ནས་མཁར་ཤར་ཁུལ་ལ་སྒོར་འབུམ་གཉིས་དང་མཁར་ནུབ་ཁུལ་ལ་སྒོར་འབུམ་གཉིས། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་སྟོང་སྐོར་རྫོང་། མཁར་དཀྱིལ་ཁུལ། ཧོང་ཀྲུང་ཁུལ་བཅས་ལ་སོ་སོར་སྒོར་ཁྲི་བརྒྱད་རེ་བཅས་བྱིན། དེ་དང་མཉམ་དུ་རིམས་ནད་འགོག་སྡོམ་སྐབས་ཀྱི་སྤྱི་པའི་སེམས་ཁམས་ཀྱི་གནོན་ཤུགས་ཕན་ནུས་ལྡན་པར་སེལ་ནས། སྤྱི་ཚོགས་ཡོངས་ཀྱིས་རིམས་ནད་ལ་ལུགས་མཐུན་ཞི་ལྷོད་ཀྱི་ལྟ་སྟངས་འཛིན་པར་སྣེ་ཁྲིད་བྱེད་པ་དང་། མི་ཆོས་དང་བྱམས་བརྩེ། གཞན་ཕན་བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་ཆེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རིམས་ནད་འགོག་སྡོམ་གྱི་སེམས་ཁམས་རོགས་སྐྱོར་དང་བླངས་ཞབས་ཞུའི་ཁ་པར་གཏན་ཁེལ་བྱས་ཡོད་ལ། སྤྱི་ཕན་དང་བླངས་པའི་ཚོགས་པས་རོགས་སྐྱོར་བྱེད་ཡུལ་གྱི་གནས་ཚུལ་དང་སེམས་ཁམས་བློ་འདྲིའི་དགོས་མཁོར་དམིགས་ནས། ཁ་པར་དང་སྐད་འཕྲིན་སོགས་ཀྱི་ལམ་ནས་ཉིན་མཚན་གཉིས་ལ་སེམས་ཁམས་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།

རྗེས་ཕྱོགས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ད་དུང་རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། ཞལ་འདེབས་དངོས་རྫས་བསྡུ་ལེན་དང་། མ་དངུལ་གཏོང་སྤྲོད། དངོས་རྫས་སྒྲིག་གཏོང་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་རྒྱུ་ཡིན་པར་མ་ཟད། མ་དངུལ་ལ་ཆེད་དུ་རྗེས་སྙེག་ལྟ་ཞིབ་བྱས་ཏེ། མ་དངུལ་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་དུས་ལྟར་རྒྱུས་ལོན་བྱེད་པ་དང་། མ་དངུལ་དང་དངོས་རྫས་རིམས་ནད་འགོག་སྡོམ་ཐད་བཀོལ་བར་ཁག་ཐེག་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་རྒྱ་གྲམ་དམར་པོའི་སྟོབས་ཤུགས་འབུལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།