ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་གསལ་ལྟར་ན། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དོན་ཆེན་གཉིས་ལ་སྔར་ལས་སྤྱི་འདོམས་དམ་འཛིན་བཟང་པོ་བྱ་ཆེད། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས《རིམས་ནད་འགོག་སྡོམ་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་ནས། རིམས་ནད་འགོག་སྡོམ་སྐབས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་སྲུང་སྐྱོང་ནན་ཏན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་སྒོས་བརྟན་འཇགས་ཡོང་བར་འགན་ལེན་བྱས།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དུས་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་དམིགས་ཚད་དུ་འཛིན་པ། མིག་སྔའི་རིམས་ནད་འགོག་སྡོམ་གྱི་དུས་བབ་ཛ་དྲག་འོག་གི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། གལ་ཆེའི་རང་བཞིན་བཅས་ངོས་འཛིན་གསལ་པོ་ཐུབ་པ་བྱེད་པ་དང་། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་དང་། རིགས་སོ་སོའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་འབྱུང་བ་སྔོན་འགོག་ནན་མོ་བྱེད་དགོས།

བརྡ་ཐོའི་ནང་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཁང་པའི་བདེ་འཇགས་དང་མེ་ཟོན་བདེ་འཇགས། དམིགས་བསལ་སྒྲིག་ཆས་བདེ་འཇགས། གློག་སྤྱོད་རླངས་སྤྱོད་བདེ་འཇགས་སོགས་ཁྱབ་ཁོངས་འབུར་དུ་ཐོན་པ་བྱས་ཏེ་གནས་གཏན་འཁེལ་གྱི་སྨན་ཁང་དང་། ལོགས་བཀར་ལྟ་ཞིབ་ས་ཚིགས། རིམས་འགོག་དངོས་ཟོག་ཉར་ཚགས་སོགས་རིམས་ནད་བྱུང་སར་ཁྱོན་ཡོངས་ནས་བདེ་འཇགས་ཞིབ་བཤེར་བྱེད་པ། རིམས་ནད་སྔོན་འགོག་ས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། ཆང་བཅུད་དང་དབྱང་འགྱུར་རྫས། སྨན་བཅོས་ལ་མཁོ་བའི་དབྱང་རླུང་། གློག་དྲོད་སྒྲིག་ཆས་སོགས་བེད་སྤྱོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན། གློག་སྐུད་གང་བྱུང་དུ་འཐེན་པ་དང་། སྒྲིག་འགལ་ངང་གློག་ཆས་སྤྱོད་པ། དངོས་ཟོག་གང་བྱུང་དུ་སྤུངས་ནས་མེ་ཟོན་བགྲོད་ལམ་བཀག་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ། ལྷག་པར་རིམས་ནད་ཀྱི་རྐྱེན་གྱིས་རྨོངས་ཚོད་ངང་མེ་ཟོན་བགྲོད་ལམ་བཀག་སྡོམ་བྱེད་པའི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཐོན་སྐྱེད་ཚོང་གཉེར་ཁེ་ལས་ཁག་དང་ལྷག་པར་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱིས་ལས་ཁུངས་དེ་གའི་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་རིམས་ནད་འགོག་སྡོམ་གྱི་བླང་བྱར་དམིགས་ནས། འགན་འཁྲི་གཙོ་བོ་སྔར་བས་དོན་འཁྱོལ་དང་ཉེན་ཁ་ཆེ་བའི་ལས་སྒྲུབ་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་རིམ་སྤོར་བྱས་ཏེ། བདེ་འཇགས་ཉེན་ཁའི་དོ་དམ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་བསྣན་ནས་ཁེ་ལས་འཁོར་སྐྱོད་བརྟན་ལ་བློས་འགེལ་ཆོག་པའི་འགན་ལེན་བྱེད་པ། དེ་དང་ཆབས་ཅིག་མེ་ཟོན་སོགས་འབྲེལ་ཡོད་སྡེ་ཁག་དང་གཞི་རིམ་སྡེ་ཁུལ་གྱིས་སོལ་རླངས་དང་གློག་སོགས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས། ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་བཞག་པའི་ཁེ་ལས་དང་སྡོད་དམངས་ཁྱིམ་སྡོད་འཇགས་རྣམ་དོ་དམ་བྱེད་སྐབས་མེ་ཟོན་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།