ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མགོ་ལོག་ཏུ་རྟོག་ཞིབ་བཞུགས་མོལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ལས་ཚབ་པ་ཝུའུ་ཞའོ་ཅུན་གཉིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་གནང་སྐབས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་ཇེ་བཟང་དུ་འགྲོ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་འབད་པ་ཆེན་པོས་ལེགས་པར་བསྐྱོད་དགོས། 

ཟླ་ལྔ་པའི་མགོ་ལོག་རྩྭ་ཐང་ནི། ཉི་འོད་རབ་ཏུ་དྲོ་ཞིང་། རྩྭ་ལྗང་མྱུག་གིས་མགོ་བོ་བཏེགས་ནས་ལྟ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཡུམ་པོ་སྡེ་བའི་རྩྭ་ས་རུ་སོང་ནས། བོད་ལུག་གསོ་སྤེལ་དང་ས་ནག་ཐང་བཅོས་སྐྱོང་། གཟན་རྩྭ་འདེབས་པ་སོགས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་དང་། སྡེ་བས་མཉམ་ལས་ཁང་བརྒྱུད་དེ་ཐོན་ཁུངས་མཉམ་བསྲེས་དང་ངལ་རྩོལ་པ་བཅིངས་འགྲོལ་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ནས་བསྟན་དོན། ཧུར་ཐག་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་དང་སྐྱེ་ཁམས་གཙོར་འཛིན་པ། འབྲོག་དམངས་ཟབ་ཞུགས་བྱེད་པ། ཁེ་ལས་ཀྱིས་ཚོང་གཉེར་བྱེད་པ། ཚན་རྩལ་འདྲེས་སྦྱོར་བྱེད་པ། ཚོང་རྟགས་སྐྱེད་སྲིང་བྱེད་པའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། རང་བྱུང་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། རྩྭ་ཕྱུགས་དོ་མཉམ་པར་བྱེད་པ། འཁོར་རྒྱུག་ལེགས་པོ་འགྲུབ་པར་བྱས་ནས། ཕྱོགས་མང་པོ་ནས་ཤུགས་ཆེན་པོ་བཏོན་ཏེ་མགོ་ཁུངས་ནས་ས་ནག་ཐང་བཅོས་སྐྱོང་བྱེད་དགོས། མགོ་ལོག་ཁུལ་གཙང་གསུམ་འབྱུང་ཡུལ་སྐྱེ་ལྡན་ཐོན་ལས་ར་བ་རུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ལ་མཉན་པ་དང་། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ལ་བལྟས་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་ན། རྒྱུ་སྤུས་དང་ཚོང་རྟགས། ཕན་འབྲས་ཇེ་མཐོར་གཏོང་བའི་སྟེང་ཤུགས་འདོན་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་འདུ་ཤེས་ཁྲོད་འདྲེས་པར་བྱས་ཏེ། དག་གཙང་ཁུལ་དང་སྤྱི་གནོད་མེད་པ། མགོ་ཁུངས་རྩད་ཆོད་པ། ར་སྤྲོད་བྱེད་ཆོག་པའི་ལྗང་མདོག་སྐྱེ་ལྡན་མཐོ་རིམ་ཚོང་རྟགས་འཛུགས་སྐྲུན་བྱེད་དགོས། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་དང་ཀུན་སྤྱོད་སྐད་ཡིག་གི་ཚད་ལྡན་ཅན་གྱི་སློབ་དེབ་ཚད་ལྡན་བཀོལ་སྤྱོད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་དང་མཛའ་བརྩེའི་གླེང་མོལ་བྱས་ནས་ནན་གྱིས་བསྟན་དོན། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་གཞི་རྒྱུ་གཙོ་བོ་སློབ་ཁྲིད་རེ་རེའི་ཁྲོད་འདྲེས་པར་བྱས་ནས། བྱིས་པ་ཚོས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་རོགས་རམ་བྱེད་དགོས། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ད་དུང་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོས་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བརྒྱུད་དེ་ས་གནས་དེའི་དགེ་རྒན་དཔུང་སྡེའི་སྤྱིའི་ཆུ་ཚད་མཐོར་བཏེགས་ཏེ། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱ་རྒྱུའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།