ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང8པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།

(ཨང8པ)

 ཉེ་སྔོན། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་རིམས་ནད་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་པ་དང་། ནད་དཔེ་སྐོར་ཞིག་ཁྱིམ་ཚང་དང་ཡང་ན་སྤྱི་པའི་གནས་ཡུལ་འདུ་རུབ་བྱེད་སར་བྱུང་བའི་ཁྱད་ཆོས་མངོན་ཡོད། མི་སྣའི་འཁོར་སྐྱོད་དང་འདུ་འཛོམས་སོགས་ལ་བརྟེན་ནས་རིམས་ནད་འགོས་མཆེད་དུ་འགྲོ་བའི་ཉེན་ཁ་དངོས་སུ་ཇེ་ཆུང་དུ་གཏོང་ཆེད། འབྲེལ་ཡོད་དོན་ཚན་སྐོར་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག སྒེར་གྱི་འགོག་སྲུང་བཟང་པོར་སྒྲུབ་དགོས། རང་ལ་འགན་ཁུར་བ་དང་ཁྱིམ་ཚང་ལ་འགན་ཁུར་བ། སྤྱི་ཚོགས་ལ་འགན་ཁུར་བ་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། རིམས་ནད་འགོག་སྡོམ་གྱི་སྒེར་གྱི་འགན་འཁྲི་དངོས་སུ་ལག་བསྟར་བྱེད་པ་དང་། འཕྲོད་བསྟེན་དང་རིམས་འགོག་གི་གོམས་གཤིས་བཟང་པོ་བསྟུད་མར་སྲུང་འཛིན་བྱེད་པ། ཕྱི་རུ་འགྲོ་དུས་ཁ་ཐུམ་རྒྱག་པ། སྤྱི་པའི་གནས་ཡུལ་དུ་ཁ་ཐུམ་མི་ལེན་པ། རྒྱུན་དུ་ལག་པ་གཙང་མར་བཀྲུ་བ་དང་དུག་སེལ་བྱེད་པ། ཕྱིར་ཁྱིམ་དུ་ཐོན་དུས་མྱུར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ལག་པ་བཀྲུ་བ་དང་དུག་སེལ་བྱེད་པ་སོགས་བྱས་ཏེ། ནད་དུག་འགོས་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

གཉིས། མི་སྣའི་འདུ་འཛོམས་ཇེ་ཉུང་དུ་གཏོང་དགོས། ཁྱིམ་དུ་འདུག་ཅི་ཐུབ་བྱེད་པ་དང་ཕྱི་རོལ་དུ་ཉུང་འགྲོ་བྱེད་དགོས་ལ། རིམས་འགོག་དང་འཚོ་བའི་ཐད་ནས་ངེས་པར་དུ་དགོས་མཁོ་ཡོད་ན་མ་གཏོགས། རང་འགུལ་གྱིས་སྒོ་ཕྱིར་མི་འགྲོ་བ་དང་ཁྱིམ་ཚང་གཞན་དུ་མི་འགྲོ་བ། གྲོགས་པོར་མི་ཐུག་པ། འདུ་འཛོམས་མི་བྱེད་པ།  མཉམ་དུ་ཟ་མ་མི་ཟ་བ། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་རྩ་འཛུགས་མི་བྱེད་པ་དང་དེར་ཟབ་ཞུགས་མི་བྱེད་པ་བཅས་བྱེད་དགོས་པ་མཟད། ཁྱིམ་ཚང་གི་བར་དང་གྲོགས་པོའི་བར་དུ་ཡང་འདུ་འཛོམས་མི་བྱེད་པར་རིམས་ནད་འགོས་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

གསུམ། སྤྱི་པའི་གནས་ཡུལ་དུ་རང་དགར་མི་འདུག་པ། སྤྱི་པའི་གནས་ཡུལ་དུ་འགྲོ་ཐེངས་དང་དེ་རུ་རང་དགར་འདུག་པའི་དུས་ཡུན་ཇེ་ཐུང་དུ་གཏོང་དགོས་ལ། སྤྱི་པའི་གནས་ཡུལ་དུ་རང་འགུལ་གྱིས་གནས་དེའི་ལས་བཟོ་བར་གཞོགས་འདེགས་བྱས་ཏེ་ཨང་རིས་གཉིས་ཞིབ་བཤེར་བྱེད་པ་སོགས་ཀྱི་རིམས་འགོག་བྱ་བ་བཟང་པོར་སྒྲུབ་དགོས་པ་དང་། མི་གཞན་དང་བར་ཐག་ངེས་ཅན་འཛིན་དགོས། སྤྱི་པའི་སྒྲིག་ཆས་སྣ་ཚོགས་ལ་ཐུག་རེག་མི་བྱེད་པ་དང་། སྣ་འཛོམས་ཚོང་ར་ནས་དངོས་པོ་ཉོ་སྐབས་སྤྱི་སྤྱོད་འདེད་འཁོར་མི་བཀོལ་བ་དང་། གློག་སྐས་ལ་འདུག་སྐབས་ལག་སྐྱོར་ལ་མི་རེག་པ་བཅས་བྱས་ནས་འགོས་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

བཞི། ཁྱིམ་དུ་བསྡད་ནས་གཞུང་དོན་སྒྲུབ་པ། རིམས་ནད་ཀྱི་སྐབས་སུ། འབྲེལ་ཡོད་ལས་ཁུངས་སོ་སོས་རིམས་ནད་འགོག་སྡོམ་ཐག་གཅོད་ཀྱི་བླང་བྱར་གཞོགས་འདེགས་གང་ལེགས་བྱས་ཏེ། སྨན་བཅོས་དང་དངོས་སྐྱེལ། འཚོ་བའི་མཁོ་རྫས་ཀྱི་ཚོང་རའི་འདོན་སྤྲོད། གྲོང་ཁྱེར་འཁོར་སྐྱོད་འགན་སྲུང་སོགས་ཁེ་ལས་དང་ལས་དོན་ལས་ཁུངས་མ་གཏོགས། ལས་ཁུངས་གཞན་དག་གིས་ཁྱིམ་དུ་བསྡད་ནས་གཞུང་དོན་སྒྲུབ་དགོས། གལ་ཏེ་བྱ་བའི་དགོས་དབང་གིས་ལས་གནས་སུ་འགྲོ་དགོས་ཚེ་ལས་གནས་སུ་འགྲོ་བའི་མི་གྲངས་ལ་ཚོད་འཛིན་ནན་མོ་བྱེད་དགོས།

ལྔ། ས་ཁོངས་བརྒལ་བའི་འགྲོ་སྐྱོད་མི་བྱེད་པ། ས་ཁོངས་ཀྱི་མི་སྣ་དང་རླངས་འཁོར་གྱི་འགྲོ་འོང་ལ་ཚོད་འཛིན་བྱེད་པའི་འབྲེལ་ཡོད་གྱི་བླང་བྱ་བརྩི་སྲུང་ནན་མོ་བྱས་ཏེ། མྱུར་མཁོའི་སྨན་བཅོས་སོགས་དམིགས་བསལ་གྱི་དགོས་མཁོ་བྱུང་ཚེ་ས་ཁོངས་ཀྱི་སྡེ་ཁུལ་འཐད་པ་བྱུང་རྗེས་ཕྱི་རུ་འགྲོ་བ་མ་གཏོགས། གྲོང་ཁྱེར་དང(ཁུལ)རྫོང(ཆུས)། ཤང་དང་གྲོང་རྡལ(སྲང་ལམ)། སྡེ་བ(སྡོ་ཁུལ)སོགས་བརྒལ་བའི་འགྲོ་སྐྱོད་མི་བྱེད་པར། མི་སྣའི་འགྲོ་སྐྱོད་ལས་འབྱུང་བའི་རིམས་ནད་འགོས་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

དྲུག ཉིང་སྐྱུར་བརྟག་དཔྱད་ལ་གཞོགས་འདེགས་གང་ལེགས་བྱེད་དགོས། སྡོད་དམངས་ཚང་མས་རང་ཉིད་སྡོད་སའི་ས་ཁུལ་གྱིས་རྩ་འཛུགས་བྱས་པའི་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་རང་འགུལ་གྱིས་དང་ལེན་བྱེད་དགོས་པ་དང་། ཡུལ་དངོས་ཀྱི་རྩ་འཛུགས་དང་བཀོད་སྒྲིག་བརྩི་སྲུང་བྱེད་པ། མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་པ། སྨི2ཀྱི་བདེ་འཇགས་བར་ཐག་འཇོག་པ། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གང་བྱུང་དུ་མི་རྒྱུག་པ་དང་གནས་གཅིག་ནས་རང་དགར་མི་འདུག་པ། བརྟག་དཔྱད་བྱས་རྗེས་མྱུར་དུ་ཕྱིར་རང་ཁྱིམ་དུ་ལོག་པ་བཅས་བྱེད་དགོས། རང་གི་བདེ་ཐང་བརྟག་ཞིབ་ལ་རང་འགུལ་གྱིས་ཤུགས་སྣོན་དགོས་པ་དང་། གལ་ཏེ་ཚ་རྒྱས་པ་དང་ལུ་བ་སོགས་པྲོག་གསར་གློ་ཚད་ཀྱི་འབྲེལ་ཡོད་ནད་རྟགས་ཡོད་ཚེ། སྔ་མོ་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་གནས་ཚུལ་ཡར་ཞུ་བྱེད་དགོས། །

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས11ཉིན།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།