ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་སྐུལ་ཁྲིད་བརྟག་དཔྱད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ལས་ཚབ་པ་ཝུའུ་ཞའོ་ཅུན་གཉིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྲི་ཐུང་རྒྱལ་སྤྱི་སྡེ་ཁུལ་དང་ཧོང་ཀྲུང་ཁུལ་མདོ་བ་གྲོང་རྡལ་དབྱིན་ཀི་ཏཱ་སྡེ་བ་རུ་སོང་ནས་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཡུལ་དངོས་ཀྱི་རིམས་འགོག་མི་སྣར་འཚམས་འདྲི་བྱས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུའི་བླང་བྱ་ལྟར། འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་རིམས་ནད་མཆེད་པའི་རྒྱུན་གཅོད་དགོས་ཞེས་ནན་གྱིས་བསྟན།

སྐུལ་ཁྲིད་ཀྱི་གོ་རིམ་ཁྲོད། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ནན་གྱིས་བསྟན་དོན། གཞི་རིམ་གྱི་འགོག་རགས་ཞིབ་དངོས་ནན་གསུམ་གྱིས་བརྟན་པོར་འཛུགས་པ་དང་། གཙོ་གནད་སྡེ་ཁུལ་དང་ཞིང་སྡེ་ལ་དངོས་སུ་སྐུལ་ཁྲིད་བྱེད་པ་ཇེ་དྲག་ཏུ་བཏང་ནས། འདུ་འཛོམས་རང་བཞིན་གྱི་རིམས་ནད་འབྱུང་བར་འགོག་དགོས། གཅིག་བསྡུས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་མང་ཚོགས་ཀྱི་འགྲོ་འོང་ལམ་ཐིག་ལེགས་སྒྱུར་བྱས་ཏེ། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་དང་ཁ་ཐུམ་རྒྱག་པ་སོགས་ཀྱི་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས། ལོགས་བཀར་བྱེད་ས་དང་ལོགས་བཀར་ནད་ཁུལ་སོགས་ཀྱི་འགོག་སྡོམ་ལ་ཤུགས་བསྣན་ནས། རིམས་ནད་ཡང་བསྐྱར་འབྱུང་བར་འགོག་དགོས། ཆུ་མ་འོང་གོང་གི་རགས་ཞེས་པ་ལྟར་སྒྲོམ་ཚང་སྨན་ཁང་དང་ལོགས་བཀར་བྱེད་ས་འཛུགས་སྐྲུན་བྱེད་པ་དང་ཆེད་ལས་ཀྱི་སྐབས་བསྟུན་སྟོབས་ཤུགས་ཉར་གསོག་བྱ་བ་ལེགས་པོར་སྒྲུབ་དགོས། ཁྱིམ་སྡོད་མང་ཚོགས་ཀྱི་བྱ་བ་ཞིབ་ཚགས་ལྡན་ཞིང་ལེགས་པར་སྒྲུབ་པ་དང་། སེམས་ཁྲེལ་བྱེད་པར་སློབ་སྟོན་བྱེད་པ་དང་། མང་ཚོགས་ལ་ཕྱིར་མི་སྐྱོད་པ་ནི་རང་ཉིད་ལ་སྲུང་སྐྱོབ་ཡིན་པ་ཤེས་སུ་བཅུག་ནས། རིམས་ནད་འགོག་སྡོམ་གྱི་ཆེ་ཕྱོགས་ལ་བྱས་རྗེས་འཇོག་དགོས།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བསྟན་དོན། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣས་དཀའ་ཚེགས་ཆེན་པོ་མྱོང་བཞིན་ཡོད་པ་དང་། ཇི་ལྟར་གནད་འགག་དུས་སྐབས་སུ་དེ་ལྟར་ནུས་པ་དང་སྤྱོད་ཚུལ། ཁག་ཁུར་བཅལ་བརྟག་བཤེར་བྱེད་ཐུབ་ཕྱིར། ཕྱི་ཚུལ་རིང་ལུགས་དང་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་། རང་ཉིད་ལ་འགོག་སྲུང་ལེགས་པོ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱིས་འགོག་སྡོམ་མི་སྣ་བཀོད་སྒྲིག་བྱེད་ཅིང་། “དམག་མང་མཉམ་འཐབ”དང་། “ཟུངས་ཟད་འཐབ་འཁྲུག” “ངལ་དུབ་དམག་འཐབ”ལྟ་བུའི་ལས་མི་གཉེར་བའི་སྒོ་ནས། རིམས་འགོག་གི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱེད་དགོས།

ཡུས་ཚུང་ལི་དང་ཁྲིན་རུའེ་ཧྥིན། ཁོང་ཡུང་བཅས་མཉམ་དུ་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།