ཟི་ལིང་གྲོང་ཁྱེར་གྱིས་ཁུལ་ཡོངས་ལ་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས10ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་ཨང94པ་ཁྱབ་བསྒྲགས་བྱས་ཤིང་། ཟླ5བའི་ཚེས10ཉིན་གྱི་དུས་ཚོད1:00ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་བོར་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནན་མོ་སྤྱོད་རྒྱུ་རེད།(བཀག་སྡོམ་ལྷོད་པའི་དུས་ཚོད་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་ཡིན)

འགོག་སྡོམ་སྐབས་སུ། གྲོང་ཁྱེར(ཆུས)ཡོངས་ཀྱི་སྲིད་འཛིན་དང་ཁེ་ལས། ལས་ཁུངས། ཚོགས་པ་སོ་སོའི་ཚང་མས་ཁྱིམ་སྡོད་གཞུང་ལས(རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་རོགས་སྐྱོབ་རུ་ཁག། འཕྲལ་སྡོམ་ཉེན་སེལ་སོགས་དམིགས་བསལ་ལས་རིགས་ལས་གཞན)ལག་བསྟར་བྱེད་དགོས། ལས་ཁུངས་སོ་སོས་ངེས་པར་དུ་ལས་གནས་སུ་ལས་རེས་བྱེད་དགོས་པ་དག་གིས་ལས་ཁུངས་ཀྱི་ལས་བཟོ་བ་བཀོད་སྒྲིག་བྱས་ཏེ་ཁྱིམ་ཚང་དུ་སོང་ནས་ལས་རེས་པ་སྣེ་ལེན་བྱེད་དགོས་པ་དང་། བཀག་སྡོམ་ཁུལ་དུ་མི་བསྐྱོད་པར་མི་སྒེར་གྱི་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་དགོས། གྲོང་ཁྱེར་ཡོངས་ཀྱི་གྲོང་མི་རྣམས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་སྒྲུབ་ནས།  རྫོང་དང་ཆུས་སོ་སོའི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ནང་ཞུགས་དགོས། 

གྲོང་ཁྱེར་ཡོངས་ཀྱིས་གནས་སྐབས་སུ་ཚོགས་འདུ་ཆེ་གྲས་དང་གླེང་སྟེགས། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག གཉེན་དོན་མི་སྒྲུབ་པ་དང་འདས་ཆོད་སྟབས་བདེ་སྒྲུབ་པ། གསོལ་སྟོན་མི་སྒྲུབ་པ་བཅས་ལག་བསྟར་བྱ་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་སའི་གནས་ཡོད་ཚད་གནས་སྐབས་སུ་སྒོ་རྒྱག་དགོས་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་དགོས།

གལ་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་མྱུར་སྐྱོབ་དང་སྨན་པར་སྟོན་དགོས་པ་སོགས་དམིགས་བསལ་གྱི་དགོས་མཁོ་ཡོད་ཚེ། སྡེ་ཁུལ་དུ་ཐོ་འགོད་སྙན་སེང་ཞུས་ནས་སྡེ་ཁུལ་གྱིས་གོང་རིམ་སྡེ་ཁག་ལ་དགོངས་སྐོར་ཞུས་རྗེས་ད་གཟོད་ཕྱིར་བསྐྱོད་བྱས་ཆོག གལ་ཏེ་གནས་ཚུལ་ཚབས་ཆེན་ཡོད་ཚེ་སྤྱི་བདེ་ཡི110ལ་ཉེན་བརྡ་གཏོང་བ་དང་། སྤྱི་བདེ་འགྲིམ་འགྲུལ122ལ་ཉེན་བརྡ་གཏོང་བ། རྫོང་དང་ཆུས་སོ་སོའི་བཙུགས་པའི་དམངས་ཕན་ཞབས་ཞུའིསྟེགས་བུར་ཁ་པར་བཏང་སྟེ་རོགས་རམ་བྱེད་དུ་བཅུག་ཆོག ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།