ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མཚོ་ནུབ་ཁུལ་དུ་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་ཆེད་དོན་ལྟ་ཞིབ་ཚན་ཁག་ལྔ་པ་ཁྲིད་དེ། རྒྱུ་ཆར་ལྟ་བ་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་བྱེད་པ། བཞུགས་མོལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། ཁོས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། ལྷུ་ཚིགས་དང་གོ་རིམ་གཙོ་བོར་དམ་དུ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་ལྟ་སྐུལ་དོམ་དམ་གྱི་ཁྲིམས་འཛིན་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། ཉེན་ཁ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱེད་དགོས། ཞིང་ཆེན་གྱི་ངེས་གནས་ལ་གོ་བ་ཟབ་མོ་ལེན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་ཆེ་བའི་བེད་མེད་དངོས་རྫས་དོ་དམ་ཐག་གཅོད་ནན་མོ་བྱེད་པ། སྲིད་འཛིན་མཆན་འགོད་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། རྗེས་སྙེག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྲིམས་འགལ་བྱ་སྤྱོད་ལ་ཆམ་ཕབ་ནན་མོ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ལ་གཙོ་གཞིའི་འགན་འཁྲི་འཁུར་དུ་བཅུག་སྟེ། མི་ཚང་མའི་ཟབ་ཞུགས་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། བདེ་འཇགས་བྱེད་ཐབས་དེ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ནས། བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།