ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལེགས་པར་བཏོན་ནས། ལྷད་མེད་དང་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚེ་རིང་ཐར་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་སོང་ནས་མཉམ་ལས་ཁང་གི་འཛུགས་སྐྲུན་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བགོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་མཉམ་ལས་ཁང་ནི་སྣེ་གཅིག་ཁྲོམ་ར་དང་འབྲེལ་ཞིང་སྣེ་གཅིག་ཞིང་ཁྱིམ་དང་འབྲེལ་བའི་གྲོང་གསེབ་ཐོན་ལས་དར་སྤེལ་གྱི་སྟོབས་ཤུགས་གལ་ཆེན་ཡིན་ལ། དབུལ་ཐར་འགགས་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པའི་གཞི་རྟེན་གལ་ཆེན་ཡང་ཡིན་པས། དཔེ་སྟོན་མཉམ་ལས་ཁང་དང་མཉམ་འབྲེལ་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བཅས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ཕན་མཉམ་སྦྲེལ་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ། ཐོན་ལས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། མཚོ་སྔོན་ཞིན་ཧྥ་ཏིས་ཞིང་ཞོར་ཐོན་རྫས་ཕྱོགས་བསྡུས་སྡེབས་འཚོང་ཁྲོམ་ར་དང་ཞི་པའོ་བཞོན་མ་གསོ་སྤེལ་རྟེན་གཞི་ནས། ཚེ་རིང་ཐར་གྱིས་ལས་གཞིའི་འཛུགས་སྐྲུན་དང་ཚོང་གཉེར་གྱི་རྣམ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་ཉོ་འཚོང་དང་སྡེབས་སྐྱེལ་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེབས་སྐྱེལ་ལ་སྐུལ་ཁྲིད་བྱེད་དགོས་པ་དང་། གཞི་ཁྱོན་ཅན་གྱི་སྐམ་ངང་བཞོན་མ་གསོ་སྤེལ་ཁེ་ལས་ཀྱིས་ས་དེའི་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་སྦྲེལ་མཐུད་དམ་པོ་བྱེད་དགོས། ནོར་ནག་ནུབ་སྤེལ་ཤར་གསོ་བྱེད་པར་ཤར་ཕྱོགས་ཞིང་ལས་ཁུལ་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་བར་དུ་མཉམ་འབྲེལ་བཟང་པོ་བྱས་ཏེ། རྩྭ་སའི་ཁུར་བོ་ཇེ་ཡང་དུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཉི་ག་བརྩོན་ལེན་བྱེད་དགོས། ས་ཁུལ་སོ་སོས་ཁྱད་ལྡན་ཐོན་ལས་ཀྱི་སྣེ་ཁྲིད་ཁེ་ལས་ཤུགས་ཆེན་པོས་སྐྱེད་སྲིང་བྱེད་པ་དང་དེར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣན་ལག་རྩལ་འདུ་འཛོམས་རྟེན་གཞི་དང་ཞིབ་ཚགས་ལས་སྣོན་དཔེ་སྟོན་རྟེན་གཞི་འཛུགས་པར་ཁྲིད་སྟོན་བྱེད་དགོས་པ་དང་། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་གྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་བཏང་ནས། ལྷད་མེད་དང་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་ས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གནད་འགག་དང་སྲོག་ཤིང་གི་ནུས་པ་འདོན་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།