ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུ་མཇུག་རྫོགས་རྗེས། རང་ཞིང་གིས་དེ་མ་ཐག་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྟེང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཁ་པར་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཡིད་ཆེས་བརྟན་པོ་དང་རྣམ་འགྱུར་ནན་མོ། བློ་ཐག་ཆོད་པོའི་བྱེད་ཐབས་ལ་བརྟེན་ནས། སྟོབས་ལྡན་ལ་ཕན་ནུས་ཡོད་པའི་སྒོ་ནས་རེས་སྐོར་འདིའི་རིམས་ནད་ཐག་གཅོད་མྱུར་ཏུ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཀོད་འདོམས་དཔོན་ཞིན་ཁྲང་ཞིང་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད། ཧྲིན་ཀྲང་ལས་ཚབ་པའམ་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། 

ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་། ཞིང་ཆེན་ཏང་ཨུ་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷང་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡུས་ཚུང་ལི་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རྣམ་འགྱུར་ནན་ཏན་ཡིན་དགོས་ཏེ། རིམ་ཁག་ཏང་ཨུ་སྲིད་གཞུང་གིས་ཆབ་སྲིད་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འགན་འཁྲིའི་འདུ་ཤེས་དང་། བྲེལ་འཚུབ་ཀྱི་འདུ་ཤེས། ཉམས་ཟོན་གྱི་འདུ་ཤེས་བཅས་སྔར་ལས་ལྷག་པར་ཇེ་དྲག་ཏུ་གཏོང་བ། ཐེ་ཚོམ་དང་ཕྱིར་བསྣུར་སྤུ་ཙམ་བྱེད་མི་རུང་ལ། འཕྲལ་བསྟུན་སྐུལ་སློང་དང་འགུལ་སྐྱོད་བྱས་ནས། རིམས་ནད་འགོག་སྡོམ་ནི་མིག་སྔར་གྱི་བྱ་བ་གལ་ཆེ་ཤོས་སུ་བརྩིས་ནས་འཛིན་དགོས། མགོ་ཁྲིད་ལས་བྱེད་པས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་འཐབ་རྩོད་བྱེད་ཕོད་པ། “ཕྱོགས་བཞིའི་འགན་འཁྲི”སྔར་ལས་ནན་མོར་འཛིན་པ། ངེས་པ་དོན་གྱིས་ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བར་བྱས་ཏེ། འགོག་སྡོམ་བྱ་བས་ལས་སྲོལ་ལ་བརྟག་བཤེར་བྱེད་དགོས། ཁེ་ལས་ཀྱི་ཐོན་སྐྱེད་དང་དངོས་རྒྱུག་བདེ་བགྲོད། དངོས་ཟོག་འགན་སྲུང་། དམངས་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་སོགས་ཀྱི་བྱ་བ་ཟབ་ཅིང་ཞིབ་མོས་ལེགས་པོར་སྒྲུབ་པ་དང་། དབང་གྲགས་ལྡན་པའི་ཆ་འཕྲིན་ཡང་དག་པར་བསྒྲགས་ཏེ་སྤྱི་ཚོགས་ཀྱི་དོ་སྣང་ལ་ལན་སྤྲོད་པའི་སྒོ་ནས། དམངས་སེམས་ལྕགས་རི་བཞིན་བརྟན་པ་དང་དཀའ་སྡུག་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཝའུ་ཞའོ་ཅུན་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འགོག་སྡོམ་བྱེད་ཕྱོགས་སྲིད་ཇུས་གཏིང་ཟབ་མོ་དང་ཆ་ཚང་བ། ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ། “ཕྱི་ནས་ནང་མཆེད་དང་ནང་ནས་བསྐྱར་འབྱུང་འགོག་པའི”སྤྱིའི་འཐབ་ཇུས་རྒྱུན་འཁྱོངས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་གཡོ་འགུལ་མི་གཏོང་བར། ཡིད་ཆེས་བརྟན་པོ་དང་དཀའ་གནད་འགག་སྒྲོལ། ཟི་ལིང་ལ་རྐང་བཙུགས་ནས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ། དུས་ཀྱི་ང་ཚོར་མི་སྒུག་པའི་སྙིང་སྟོབས་དང་སྐར་ཆ་གཅིག་ཀྱང་འགོར་འགྱངས་མི་བྱེད་པའི་འགུལ་སྐྱོད་ལ་བརྟེན་ནས། རིམས་ནད་ཀྱི་འགོས་མཆེད་བརྒྱུད་ལམ་མྱུར་ཏུ་གཅོད་དགོས། ཕྱི་ནས་ནང་མཆེད་འགོག་པའི་བྱ་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། རིམས་འབྲེལ་ཁྲིམས་འགལ་བྱ་སྤྱོད་ལ་བློ་ཐག་རྦད་ཆོད་ཀྱིས་རྡུང་རྡེག་བཏང་སྟེ། མི་ཚང་མ་ཟབ་ཞུགས་དང་མཉམ་འགོག་མཉམ་སྡོམ་གྱི་སྤྱི་ཚོགས་མཁའ་དབུགས་ཆགས་པར་བྱེད་དགོས། ཡུལ་དངོས་དང་པོའི་ལས་དོན་པར་སེམས་ཁུར་གཅེས་སེམས་བཅངས་ཏེ། འགན་སྲུང་བྱ་བ་སྟོབས་ཤུགས་ཡོད་དགུས་ལེགས་པར་སྒྲུབ་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ལེགས་པོར་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དཔལ་འབྱོར་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཅི་ནུས་གང་ཐུབ་ཇེ་ཉུང་དུ་གཏོང་དགོས། 


ཚོགས་འདུ་ནི་ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང་སོ་སོ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ནས་ཡན་ལག་གི་ཚོགས་ར་བཙུགས་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།