ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་ཀྲུང་དབྱང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་བཅས་ཀྱི་སྒོ་ནས་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན། དགོས་གལ་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། རིམས་ནད་བརྟག་དཔྱད་ངོས་འཛིན་དུས་ཚོད་དམ་འཛིན་གྱིས་མགྱོགས་མྱུར་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་བཅས་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེས་ཆེ་ལ་མྱུར་ཚད་ཆེས་མགྱོགས་པའི་སྒོ་ནས་སྤྱི་ཚོགས་ཁྱོན་ཡོངས་ནས་གཙང་སེལ་བྱེད་དགོས། གྲལ་བཤེར་དང་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ཀྱི་རིམ་པ་ཇེ་མཐོ་དང་སྤྱི་ཚོགས་ཁྱོན་ཡོངས་ལ་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་སྡུད་རང་བཞིན་གྱི་རྐྱེན་ལས་རིམས་ནད་འགོས་སྲིད་པའི་སྤྱི་ཚོགས་བྱེད་སྒོ་སྣ་ཚོགས་སྤེལ་མཚམས་འཇོག་པ། ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བཟང་པོ་བྱེད་པ། རིམས་ནད་ཀྱི་ཡོངས་ཁུངས་ལ་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། བརྒྱུད་འདྲེན་འཁོར་རྒྱུག་དང་ལོག་བཀར། སྨན་བཅོས་བྱེད་ཐབས་ཁག་མྱུར་དུ་དོན་འཁྱོལ་བྱེད་པ། རྒན་གསོ་ཁང་དང་བཙོན་ཁང་། སློབ་གྲྭ་སོགས་གཙོ་གནད་ཁུལ་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་རིམས་ནད་མཆེད་པའི་སྦྲེལ་ཐག་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཕྱི་རིམས་ནང་མཆེད་སྔོན་འགོག་དང་ནང་རིམ་བསྐྱར་མཆེད་སྔོན་འགོག་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་ལྷག་པར་དུ་ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་དང་གྲོང་གསེབ། སྡེ་ཁུལ་བཅས་ཀྱི་འགན་འཁྲི་གཟབ་ནན་དུ་བཏང་ནས། མཚོ་སྔོན་དུ་ཡོང་མཁན་ཚང་མར་རིམས་ནད་འགོག་སྡོམ་གྱི་བླང་བྱ་དག་དོན་འཁྱོལ་ནན་མོ་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཟོག་འགྲེམས་ཤར་བགྲོད་ཐུབ་པར་འགན་ལེན་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཀྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་ནོར་སྲིད་དང་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་ཐད་ལ་བཀོད་སྒྲིག་གསར་པ་བྱས་པར་དོན་སྙིང་གལ་ཆེན་ལྡན་པས་ཐོབ་དཀའ་བའི་གོ་སྐབས་བཟང་པོ་ཞིག་རེད། ཚོགས་འདུའི་དགོངས་དོན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས་ཏེ་ཇུས་འགོད་གཏིང་ཟབ་དང་། རང་འགུལ་ངང་སྦྲེལ་མཐུད་བྱེད་པ། སྤྱི་འདོམས་སྟངས་འཛིན་བྱེད་པ་བཅས་བྱས་ནས་ནུས་ལྡན་ཁྲོམ་ར་དང་སྲིད་གཞུང་ལ་སྔར་ལས་ལྷག་པའི་སྒོ་ནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་དམིགས་པ། འགྲིམ་འགྲུལ་དང་ནུས་རྒྱུ། ཆུ་བེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྣམ་གྲངས་ཆེ་གྲས་ལ་འཆར་འགོད་བཟང་པོ་བྱེད་པ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཡུན་རིང་པའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་སྡུད་སློབ་སྦྱོང་ཐེངས་སོ་བརྒྱད་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནང་ཁྲིམས་ལྟར་མ་རྩ་བདེ་འཇགས་ངང་འཕེལ་རྒྱས་གཏོང་བར་ཚད་ལྡན་དང་ཁྲིད་སྟོན་བྱེད་པའི་དོན་སྙིང་གལ་ཆེན་གསལ་བཤད་གཏིང་ཟབ་གནང་ཡོད། དེའི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཐོན་སྐྱེད་གྲུབ་ཆ་གལ་ཆེན་གྱི་ནུས་པ་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་བརྟན་པོར་སྲུང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཡོངས་ཀྱི་རང་སྐྲུན་ཁང་པའི་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ་བསྐྲུན་པ་གཙོ་གནད་དུ་བཟུང་ནས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་གྲོང་མིའི་ལས་དོན་ས་ཚིགས་སོགས་མི་སྣ་འདུ་འཛོམས་ཆེ་སར་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་བཅུག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་སྐྲུན་ཁང་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་ཟུང་འབྲེལ་བྱས་ཏེ་སྔོན་ལ་དོགས་ཟོན་དང་། སྔོན་ལ་སྔོན་འགོག གཅིག་ཤེས་ཀུན་གྲོལ་བཅས་ཀྱི་སྒོ་ནས་ལས་གནས་དང་སོ་སོ་དང་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བདེ་འཇགས་ཐོན་སྐྱེད་ཀྱི“བྱེད་ཐབས་ཁག་བཅོ་ལྔ”དོན་འཁྱོལ་བཟང་པོ་བྱས་ཏེ། གནོད་འགོག་རྒུད་སྐྱོབ་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་དོན་རྐྱེན་ཚབས་ཆེན་སྣ་ཚོགས་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།