ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་སྐྲུན་ཁང་བའི་བདེ་འཇགས་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་བདུན་ཉིན། རྒྱལ་ཡོངས་ཀྱི་རང་སྐྲུན་ཁང་བའི་བདེ་འཇགས་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་རང་སྐྲུན་ཁང་བའི་བདེ་འཇགས་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ལག་བསྟར་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལྟར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་སྔར་ལས་བཟང་བོ་སྤྱོད་པ། བྱ་བའི་འགན་སྲུང་སྔར་ལས་ནན་མོ་ལག་བསྟར་བྱེད་པ། རང་སྐྲུན་ཁང་བའི་བདེ་འཇགས་ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་ལ་འགན་སྲུང་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ནམ་ཡང་གོ་གནས་དང་པོར་འཇོག་པ། ཉེན་ཟོན་མཐོན་པོ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་སྐྱོན་ཆ་གང་རུང་དང་ཉེན་ཁ་སྤུ་ཙམ་ཡང་རང་དགར་མི་བསྐྱུར་བ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཁེལ་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཁྲིམས་སྲོལ་ལྟར་དང་གོ་རིམ་ལྡན་པ། ཕན་འབྲས་མཐོ་བའི་སྒོ་ནས་རྟོག་སེལ་བཅོས་སྐྱོང་བྱ་བ་སྤེལ་དགོས། རྟོག་སེལ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཚོང་གཉེར་རང་བཞིན་དང་སྤྱི་ཐུན་རང་བཞིན། ཞབས་ཞུ་རང་བཞིན་གྱི་རང་སྐྲུན་ཁང་བ་གཙོར་བཟུང་ནས། ཁྱོན་ཡོངས་ནས་རྟོག་སེལ་བཅོས་སྐྱོང་བྱེད་པ་དང་། མཆན་འགོད་རྒྱུད་རིམ་ཇེ་དམ་ཇེ་ནན་དུ་བཏང་ནས། སྔར་གསོག་ཉེན་ཁ་མེད་པར་བཟོ་བ་དང་ཉེན་ཁ་ཇེ་མང་དུ་འགྲོ་བར་ཚོད་འགོག་ནན་མོ་བྱེད་དགོས། གནད་ཕིགས་རྟོག་སེལ་འབུར་དུ་ཐོན་པར་བྱེད་པ་དང་། ཉེན་ཁའི་རིགས་སྣ་བགར་བ། ཆེད་ལས་དཔྱད་འཇོག་ཁས་ལེན་ལ་ཤུགས་སྣོན་པ། བདེ་འཇགས་རང་བཞིན་དང་ཁྲིམས་མཐུན་རང་བཞིན། ཚོང་གཉེར་རང་བཞིན་གྱི་ཉེན་ཁ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པ། ཁྱོན་་ཡོངས་ནས་དག་ཐེར་ལེགས་བཅོས་བྱས་ཏེ། ཉེན་ཁ་གཏན་ནས་མེད་པར་བཟོ་དགོས།

ཝུའུ་ཞའོ་ཅུན་གྱིས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལག་རྩལ་དང་མ་དངུལ། མི་སྣའི་སྟོབས་ཤུགས་སོགས་ཕྱོགས་ནས་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁང་བའི་བདག་དབང་མི་སྣའི་འགན་འཁྲི་གཙོ་བོ། བཀོལ་སྤྱོད་མི་སྣའི་བཀོལ་སྤྱོད་བདེ་འཇགས་འགན་འཁྲི་བཅས་གཏན་ཁེལ་གསལ་བོ་བྱེད་པ། ཞིང་ཆེན་གྱིས་གཙོ་འགན་ཁུར་བ་དང་གྲོང་ཁྱེར་དང་རྫོང་གིས་ལག་བསྟར་དམ་འཛིན་བྱེད་པའི་རེ་བ་ལྟར། ཆེད་དོན་བཅོས་སྐྱོང་གི་མགོ་ཁྲིད་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལག་རྩལ་གྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁང་བ་དང་ཞིང་སྡེའི་ཁང་བའི་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་སྟེགས་བུ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཆེད་ལས་ལག་རྩལ་དངང་མི་སྣའི་སྟོབས་ཤུགས་ཆ་སྡེབ་ལ་ཤུགས་བསྣན་ནས། བྱ་བའི་ལས་ཆོད་མཐོར་འདེགས་གཏོང་དགོས། མ་དངུལ་གྱི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། ཆེད་དོན་བཅོས་སྐྱོང་བྱ་བའི་ཐད་དགོས་ངེས་ཀྱི་གྲོན་དངུལ་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་བཅས་ནི་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་དམ་འཛིན་བྱེད་དགོས་པའི་དོན་ཆེན་དང་དོན་དག་གལ་ཆེན་ཡིན་པས། ས་སྲུང་འགན་ཡོད་དང་ས་སྲུང་འགན་བསྟར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་བཟང་བོ་བཅོ་ལྔ་དོན་འཁྱོལ་ནན་མོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་དང་བཅོས་སྐྱོང་ཆེན་པོའི་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་གྲོང་ཁྱེར་གྱི་མེ་སྐྱོན་ཉེན་ཁ་འགོག་སྡོམ་ལ་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་འགོག་ར་ཇེ་བརྟན་དུ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བའི་ད་བདེ་འཇགས་གཏན་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།