ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྨ་ལྷོ་རུ་རྟོག་ཞིབ་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གསལ་བོ་བྱེད་པ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་པ་བྱས་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། རྨ་ལྷོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་དགོས།

ཞིན་ཁྲང་ཞིང་རྨ་ཆུའི་འགྲམ་རྒྱུད་ཀྱི་གཅན་ཚ་རྫོང་གཅན་ཚ་ཐང་ཀླེ་གཞུག་སྡེ་བ་རུ་སོང་ནས། རྨ་ཆུའི་ཆུ་སྤུས་དང་སྲུང་སྐྱོབ་བཅོས་སྐྱོང་། གྲོང་སྡེའི་གནས་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་མ་ཟད་བསྟན་དོན། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འཆར་འགོད་བཟང་བོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ། མཐུན་སྦྱོར་ངང་རྨ་ཆུར་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་ཡོད་ཚད་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་སྤེལ་བ་དང་། རི་ཆུའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ། མཛེས་སྡུག་གི་ཁོར་ཡུག་བསྐྲུན་པ། གྲོང་སྡེ་གནས་སྐོར་གྱི་གནས་ཐིག་གཏན་ཁེལ་ཡང་དག་པར་བཙལ་ནས། མང་ཚོགས་ལ་ཕན་འདོགས་དགོས་ཟེར། ཞིན་ཁྲང་ཞིང་གིས་ཐུན་རིན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་ཐོ་རྒྱ་དགོན་གྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་དང་རྒྱལ་ཁོངས་ལྗང་སྒྱུར་ཁྲོད་ཞུགས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དགོན་པར་སྡོད་པའི་ལས་བྱེད་པས་སེམས་ཤུགས་ཡོད་ཚད་བྱ་བའི་ཐད་འདོན་པ་དང་། ལག་ལེན་ཁྲོད་སྦྱོང་བརྡར་དང་འཚར་ལོངས་འབྱུང་བ། ནུས་པ་མཐོར་འདེགས་གཏོང་བ། ནུས་པ་འདོན་སྤེལ་བྱེད་རྒྱུའི་སྐུལ་མ་བཏང་། རྟོག་ཞིབ་བྱེད་པའི་ལམ་བར་དུ། ཞིན་ཁྲང་ཞིང་ལམ་འགྲམ་གྱི་ཞིང་ཁར་སོང་ནས། ཆུའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དང་། ལྷག་པར་དུ་རྨོ་ཞིང་ཞིང་ལས་ཐད་མི་བཀོལ་པ་དང་ཞིང་སར་འབྲུ་རིགས་མི་འདེབས་པའི་གནས་ཚུལ་བཀག་འགོག་ནན་མོ་བྱས་ཏེ། བེད་མེད་དུ་བསྐྱུར་བའི་ཞིང་ས་ཡང་བསྐྱར་རྨོ་འདེབས་བྱེད་པའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས་ཞེས་ནན་གྱིས་བསྟན། ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རེབ་གོང་ལམ་གཞིས་ཁུལ་དུ། ཞིན་ཁྲང་ཞིང་གིས་གཞིས་ཁུལ་གྱི་ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་ན། སྣེ་ཁྲིད་མཁན་ཧ་ཅང་གལ་ཆེ་བས། གཞི་རིམ་ལ་དོ་སྣང་དང་སེམས་ཁུར། རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པ་གཞི་རིམ་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། འཕྲིན་བཅར་ལམ་བུ་གེགས་མེད་དུ་བྱས་ནས། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བར་དོ་སྣང་བྱེད་པ་དང་། ཏང་གི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བསམ་བློར་སྣེ་ཁྲིད་ལམ་སྟོན་བྱེད་པ་དང་འོས་འཚམ་གྱི་ཞུ་གཏུག་ཐག་གཅོད་བཟང་བོ་བྱས་ཏེ། ཁོ་ཚོས་རང་སྟེང་གི་དགེ་མཚན་དང་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བྱ་བའི་སྙན་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། རྨ་ལྷོས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གྲུབ་ཚུལ་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཡོད་པ་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། བཅོས་སྐྱོང་ཐད་ནས་མིང་དུ་གྲགས་པ། བཅོས་སྒྱུར་ཐད་ནས་འཚོལ་ཞིབ་བྱེད་པའི་རྣམ་པ་བཟང་བོ་མངོན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྨ་ལྷོའི་བྱ་བར་ཁས་ལེན་གང་ལེགས་བྱས་ཡོད་ཟེར། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཆབ་སྲིད་ཀྱི་ལོ་ཆེན་པོ་ཡིན་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་འགུལ་སྐྱོད་སྟེང་གི་རང་རྟོགས་སུ་བསྒྱུར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་བརྟེན་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་འཛིན་དབང་མངག་བཅོལ་ལས་ཚབ་རྐྱེན་སྲོལ་ཚོད་ལྟ་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། རིག་གནས་དང་གནས་སྐོར། སྐྱེ་ཁམས་ཀྱི་མཉམ་བསྲེས་དགེ་མཚན་རྒྱ་བསྐྱེད་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མཐོ་རིམ་ཚོང་རར་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་ལམ་བུ་འཛུགས་པ། འགུལ་རྣམ་ལྟ་ཞིབ་རོགས་སྐྱོར་ལ་ཤུགས་བསྣན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་དང་ཐོན་ལས་སྐྱེད་སྲིང་། ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་བ། ངལ་རྩོལ་པའི་བྱང་ཚད་མཐོར་འདེགས་གཏོང་བ། ཡོང་སྒོ་གཏན་འཇགས་ཀྱིས་འཕར་སྣོན་གཏོང་བ་བཅས་ལ་དམིགས་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། དུས་ནམ་ཡང་བདེ་འཇགས་གཏན་འཇགས་དམ་འཛིན་བྱེད་པ། ཡུན་སྐྱོང་བདེ་འགོད་ཀྱི་རྨང་གཞི་རང་བཞིན་གྱི་བྱ་བ་བཟང་བོར་བསྒྲུབ་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཏང་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ་དང་། ཚན་ཁག་དམ་འཛིན་དང་དཔུང་སྡེ་ལ་སྣེ་ཁྲིད་བྱེད་པ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ། སྤྱོད་ཚུལ་དམ་འཛིན་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ། རྒྱུན་མཐུད་ངང་ཤུགས་བཏོན་ནས་ལམ་ལགས་འཛུགས་སྐྲུན་བྱེད་པ་དང་སྒྲིག་ལམ་འཛུགས་པ། ལག་བསྟར་དམ་འཛིན་བྱེད་པ། དངོས་འབེབས་གཙིགས་སུ་བཟུང་ནས། སྤོབས་པ་ཆེན་པོ་དང་རྣམ་འགྱུར་བཟང་བོས་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྨ་ལྷོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་ནས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་བྱས་རྗེས་གསར་བ་འཇོག་དགོས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་སྟེང་ཁག་ཁུར་གསར་བ་ཡོད་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་པར་དམིགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ། རྨ་ལྷོའི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆ་མ་ལག་འཛུགས་སྐྲུན་བྱེད་པ། སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་ལ་ཤུགས་སྣོན་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྱད་ཆོས་ལྡན་པ་དང་དགེ་མཚན་ལྡན་པར་བྱེད་པ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་གནས་སྐོར་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ནས་ཐོད་བརྒལ་གསར་བ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གྲོང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་ནས། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་བྱེད་དགོས། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བ། རྒྱུན་མཐུད་ངང་མང་ཚོགས་ལ་དོན་བཟང་བསྒྲུབ་པ་དང་དོན་དངོས་བསྒྲུབ་པ། དཀའ་གནད་ཐག་གཅོད་པ། ལས་གཞི་གལ་ཆེན་བརྟན་བརླིང་ངང་འཛུགས་སྐྲུན་བྱས་ཏེ། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་བསྒྱུར་དགོས།

ཡུས་ཚོང་ལི་རྟོག་ཞིབ་བཞུགས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།