ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང77པ)

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང77པ)

གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ནད་དུག་འགོས་ཁྱབ་ཀྱི་ཉེན་ཁ་དུས་ཐོག་ཏུ་བཀག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང《ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། 2022ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད0ནས་བཟུང་སྟོང་སྐོར་རྫོང་གི་ཁྲིན་ཀོན་གྲོང་བརྡལ་དང་བ་ཡན་ཡུལ་ཚོའི་མངའ་ཁོངས་སུ་འཇགས་རྣམ་དོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་ལ།  འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར།

གཅིག སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་དང་བ་ཡན་ཡུལ་ཚོའི་མངའ་ཁོངས་ཀྱི་སྡོད་དམངས་ཀྱིས་འགུལ་རྣམ་དོ་དམ་གྱི་གཏན་ཁེལ་བརྩི་སྲུང་ནན་བྱ་དགོས་ལ། ཉིང་སྐྱུར་བརྟག་དཔྱད་དང་སྨན་བཅོས་སོགས་དམིགས་བསལ་དགོས་མཁོ་མེད་ཚེ། སྒོ་ཕྱི་རུ་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ། མི་མང་ཚོགས་སར་མི་འགྲོ་བ་བཅས་བྱ་དགོས། སྡེ་ཁུལ་དང་སྡེ་བ་སོ་སོས་སྡོད་དམངས་ཕྱིར་ཚོང་རྒྱག་ཏུ་འགྲོ་བའི་དུས་ཚོད་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས་པ་དང་། སྡོད་དམངས་ཀྱིས་དུས་ཚོད་བསྣོལ་ནས་ཐག་ཉེ་རུ་འཚོ་བའི་མཁོ་ཆས་ཉོ་བར་ཁྲིད་སྟོན་བྱེད་པ་དང་། ཉིན་གཉིས་རེའི་ནང་ཐེངས་གཅིག་་ལ་ཚོང་རྒྱག་ཏུ་འགྲོ་བ་དང་། ཐེངས་གཅིག་ལ་དུས་ཚོད་གཉིས་ལས་མི་བརྒལ་བར་བྱ་དགོས།

གཉིས། སྡོད་དམངས་ཀྱིས་སྒེར་གྱི་འགོག་སྲུང་བཟང་པོར་བསྒྲུབ་སྟེ། གཏན་ཁེལ་གྱི་དུས་ཚོད་ནང་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་ལ། ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་མྱུར་དུ་ཕྱིར་ལོག་པ་ལས་འདུ་འཚོམས་བྱ་མི་རུང་།

གསུམ། ཆུ་གློག་རླངས་དྲོད་སོགས་གྲོང་ཁྱེར་འཁོར་སྐྱོད་འགན་སྲུང་ལས་རིགས་དང་། བསྟུད་མར་ཐོན་སྐྱེད་བྱེད་དགོས་པའི་ཁེ་ལས་ལས་ཁུངས། ད་དུང་རྫོང་ཚོང་དོན་དང་ཁྲོམ་ར་ལྟ་སྐུལ་དོ་དམ། འཕྲོད་བསྟེན་སྡེ་ཁག་སོགས་ཀྱིས་གཏན་ཁེལ་བྱས་པའི་སྡོད་དམངས་ཀྱི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་པ་དང་ཆ་རྐྱེན་ལྡན་པའི་སྣ་འཛོམས་ཚོང་ར་དང་ཚོང་ཁང་། ཞིང་ལས་རྒྱུ་ཆའི་ཁྲོམ་ར། སྨན་རྫས་ཚོང་ཁང་། སྨན་བཅོས་ལས་ཁུངས་བཅས་ལ་གཞན་པའི་ཚོང་གཉེར་རང་བཞིན་གྱི་གནས་ཡུལ་ཚང་མས་ཚོང་གཉེར་མཚམས་འཇོག་དགོས། ཚོང་གཉེར་ཆོག་པར་བྱས་པ་དག་གིས་ཚོང་གཉེར་གྱི་དུས་ཚོད་འོས་འཚམ་གྱིས་ཇེ་རིང་དུ་གཏོང་བ་དང་། ཚོང་གཉེར་གྱི་སྐབས་སུ་དུག་སེལ་བྱེད་པ་དང་། ཨང་རིས་བཤེར་བ། ལུས་དྲོད་འཇལ་བ། ཁ་ཐུམ་རྒྱག་པ། མི་ཚོགས་ལ་ཚོད་འཛིན་བྱེད་པ་དང་སྔ་རྗེས་བསྣོལ་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།

བཞི། འགུལ་རྣམ་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་དུས་ཚོད་ཉེར་བཞིའི་རིང་སྐོར་ཞིབ་རྟོག་ཞིབ་བྱ་རྒྱུ་ཡིན་ལ། སྲང་ལམ་དང་སྡེ་ཁུལ། ཐོག་ཁང་། ཚོང་ཁང་སོགས་ཡོངས་ལ་ཁྱབ་པར་བྱས་ཏེ། འགུལ་རྣམ་དོ་དམ་གྱི་སྐབས་སུ་རང་འདོད་ལྟར་ཡར་མར་ལ་འགྲོ་བ་སོགས་ཀྱི་བྱ་སྤྱོད་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་པ་དང་། འགུལ་རྣམ་དོ་དམ་གྱི་བླང་བྱ་དང་འགལ་བའི་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་དང་། ཁྲིམས་དང་འགལ་ཚེ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས7ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།