ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཏན་འཁེལ་སྨན་ཁང་ལ་མ་དངུལ་སྒོར་ས་ཡ་ལྔའི་འཁོར་རྒྱུག་གྲོན་དངུལ་བྱིན་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བར་རོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་སྨན་བཅོས་སྨན་ཁང་སྟེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་གཉིས་ལ་མ་དངུལ་སྒོར་ས་ཡ་ལྔའི་སྨན་བཅོས་འཁོར་རྒྱུག་གྲོན་དངུལ་བྱིན་ཏེ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པར་སྨན་བཅོས་བྱེད་པར་སྨན་རིན་གྱིས་ཤུགས་རྐྱེན་མི་ཐེབས་པ་དང་། གཏན་འཁེལ་སྨན་ཁང་གིས་སྨན་བཅོས་བྱེད་པར་དངུལ་སྤྲོད་སྲིད་ཇུས་ཀྱིས་ཤུགས་རྐྱེན་མི་ཐེབས་པར་འགན་སྲུང་བྱས་ནས་ཐེངས་འདིའི་རིམས་ནད་འགོག་སྡོམ་བྱ་བ་བདེ་བླག་དང་གོ་རིམ་ལྡན་པར་སྤེལ་བར་རོགས་འདེགས་བྱས།

སྨན་བཅོས་འགན་སྲུང་གིས་རིམས་ནད་འགོག་སྡོམ་ཁྲོད་དུ་མ་དངུལ་ལ་འགན་སྲུང་བྱེད་པའི་རྨང་གཞིའི་བྱ་བ་བཟང་བོར་སྒྲུབ་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་གྱི་འགན་འཁྲི་གཙོ་བོ་རང་འགུལ་གྱིས་ཁག་ཁུར་བྱས་པ་དང་། གཏན་འཁེལ་སྨན་ཁང་དང་མཐུན་སྦྱོར་རོགས་རེས་བྱེད་པར་ཤུགས་བསྣན་ཞིང་། གཏན་འཁེལ་སྨན་ཁང་གི་སྨན་རིན་འགྲོ་གྲོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འགྲོ་སོང་གི་གནས་ཚུལ་ལྟར། ཟླ་རེར་དུས་བཅད་ལྟར་གཏན་འཁེལ་སྨན་ཁང་ལ་སྨན་རིན་འདང་ངེས་བྱིན་ཏེ་གཏན་འཁེལ་སྨན་ཁང་གི་མ་དངུལ་འདང་ངེས་ཡོང་བར་འགན་སྲུང་བྱས་པ་དང་གཏན་འཁེལ་སྨན་ཁང་གི་མ་དངུལ་གྱི་གནོན་ཤུགས་ཇེ་ཆུང་དུ་བཏང་། གཏན་འཁེལ་སྨན་ཁང་གིས་ནད་རྟགས་ངོས་བཟུང་བའི་པྲོག་གསར་གློ་ཚད་ནད་པར་སྨན་བཅོས་བྱས་པའི་སྨན་རིན་དང་སྨན་ཁང་ནས་ཕྱིར་འབུད་སྐབས་ཀྱི་སྨན་རིན་བསྡོམས་འབོར་གནས་ཚུལ་ལ་དམ་དུ་དམིགས་ནས་ཟླ་རེར་དུས་བཅད་ལྟར་གཏན་འཁེལ་སྨན་ཁང་ལ་སྨན་རིན་རྩིས་བརྒྱབ་པ་དང་། རིགས་བགར་ནས་པྲོག་གསར་གློ་ཚད་ནད་པའི་སྨན་རིན་རིགས་བགར་ནས་རྩིས་སྤྲོད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་པ་སོགས་བྱས་ནས་པྲོག་གསར་གློ་ཚད་ནད་པས་སྨན་བཅོས་འགན་སྲུང་སྲིད་ཇུས་རྒྱུན་ལྡན་ལྟར་ལོངས་སྤྱོད་བྱེད་ཐུབ་པ་དང་སྨན་ཁང་དུ་སྡོད་པར་ཁུར་བོ་ཅི་ཡང་མེད་པར་འགན་སྲུང་བྱས། སྔ་གཞུག་ཏུ་གཏན་འཁེལ་སྨན་ཁང་ལ་ནད་པ་སྐྱོབ་བཅོས་བྱས་པའི་སྨན་རིན་སྒོར་འབུམ་བདུན་དང་ཁྲི་དྲུག་སྟོང་དྲུག་བརྒྱད་བརྒྱ་བྱིན་པ་དང་། པྲོག་གསར་གློ་ཚད་ནད་པར་མི་སྒེར་གྱི་སྤྲོད་དངུལ་སྔ་འདོན་མ་དངུལ་སྒོར་འབུམ་བཞི་ལྷག་བྱིན།

དེ་མིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཏན་འཁེལ་སྨན་ཁང་གི་ལས་སྒོའི་མཛུབ་སྟོན་ལ་ཤུགས་བསྣན་པ་དང་། སྨན་ཁང་གིས་དུས་ཐོག་ཏུ་པྲོག་གསར་གློ་ཚད་ནད་པ་སྐྱོབ་བཅོས་བྱེད་པར་ཁྲིད་སྟོན་བྱས་པར་མ་ཟད། སྨན་བཅོས་འགན་སྲུང་བྱང་བུ་མེད་པ་དང་བོར་བརླག་བྱུང་བའི་ནད་པ་དྲག་སྐྱེད་བྱུང་རྗེས་སྔོན་ལ་སྨན་ཁང་ནས་འབུད་པ་དང་དེ་ནས་སྨན་རིན་རྩིས་རྒྱག་པ་སོགས་ཀྱི་དམིགས་བསལ་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ནས་ནད་པ་སྐྱོབ་བཅོས་བྱེད་ཐབས་གེགས་མེད་ཡོང་བར་བྱས་ནས་ནད་པ་དག་ལ་སེམས་ཁྲལ་ཅི་ཡང་མེད་པར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།