ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་རྨ་ལྷོ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་ཉེར་དྲུག་ནས་ཚེས་ཉེར་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ལྟ་ཞིབ་ཚན་ཆུང་ཁྲིད་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་ཞིབ་ཞིབ་བཤེར་བྱས། དབྱང་ཧྥིན་ཁྲུན་སོགས་སྔ་གཞུག་ཏུ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ལ་ཁ་དགོན་པ་དང་གཙང་གསུམ་ཕྱུགས་ར་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི། རྩེ་ཁོག་རྫོང་ཡེ་ཐང་མཐོ་སྒང་སྐྱེ་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི། དམེ་ཤུལ་ནགས་ར། ཐུན་རིན་གྲོང་ཁྱེར་རོང་བོ་དགོན་པ། འགྲུལ་སྐྱེལ་སྤྱིའི་ས་ཚིགས། ཅིན་མ་རླངས་སྣོན་ས་ཚིགས། གཅན་ཚ་རྫོང་ཀྲུང་གོའི་རྡོ་སྣུམ་སྣུམ་སྣོན་ས་ཚིགས། གདོང་སྣ་གློག་ཚིགས། རྡོ་ཟེགས་བཟོ་གྲྭ་བཅས་ལ་སོང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལག་བསྟར་དང་ཉེན་ཁ་རྟོག་སེལ་ཐག་གཅོད་དང་རིམས་ནད་འགོག་སྡོམ་སོགས་བྱ་བར་ཡུལ་དངོས་ཞིབ་བཤེར་བྱས།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་རེ་བ་ལྟར། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དུས་ནམ་ཡང་གནད་དོན་མེད་པ་ནི་ཆེས་ཆེ་བའི་གནད་དོན་ཡིན་པའི་ཉེན་ཟོན་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་ནི་དོན་རྐྱེན་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཚད་མཐའ་བརྟན་སྲུང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་བཟང་བོ་ལག་བསྟར་བྱེད་པར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། མིག་སྔར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། མི་འདང་ས་དང་ཞན་ས་འཚོལ་བ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་ཏེ། བྱ་བའི་སྔོན་དཔག་རང་བཞིན་དང་ཚན་རིག་རང་བཞིན། ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། འགྲིམ་འགྲུལ་དང་མེ་འགོག་མེ་གསོད། ཉེན་ཆེ་རྫས་འགྱུར་སོགས་ལས་རིགས་གཙོ་བོ་གཙིགས་སུ་འཛིན་པ་དང་། ནགས་ཚལ་མེ་འགོག་དང་རིག་གནས་གནས་སྐོར། འཛུགས་སྐྲུན་བཟོ་སྐྲུན། ཆོས་ལུགས་དགོན་སྡེ་སོགས་ཁྱབ་ཁོངས་གཙོ་བོར་དོ་སྣང་བྱས་ནས། བདེ་འཇགས་དོན་རྐྱེན་ཆེན་པོ་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། རིམ་པ་སོ་སོའི་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལྷོད་གཡེང་སྟེས་དབང་གི་བསམ་བློ་ཁྱད་སེལ་བྱེད་པ། མཉམ་ལས་གཞོགས་འདེགས་དང་འགན་འཁྲི་ལྡོག་བཤེར་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བདེ་འཇགས་དམ་འཛིན་དང་ཉེན་ཁ་རྟོག་སེལ། ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།