ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དུ་ཉེན་ཆེའི་བེད་མེད་དངོས་པོ་བཀོལ་སྤྱོད་བྱེད་པའི་ཐག་གཅོད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་བ་དང་། དོན་དག་མ་བསྒྲུབས་གོང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཉེན་ཆེའི་བེད་མེད་དངོས་པོ་ཐག་གཅོད་བྱེད་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། མཐའ་གཅིག་ཏུ་བརྟན་འཇགས་སྒོས་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་འགོག་སྲུང་འཛིང་རགས་འཛུགས་སྐྲུན་བྱེད་དགོས། 

ལིའུ་ཐའོ་ཡིས་སྔ་རྗེས་སུ་མཚོ་སྔོན་ཡོན་ཐུང་བཟོ་ཚོང་ཚད་ཡོད་ཀུང་སི་དང་མཚོ་སྔོན་མའེ་ཡིག་མའེ་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིར་ཕྱིན་ནས། ཁེ་ལས་ཀྱི་འགན་འཁུར་པ་དང་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་ལབ་གླེང་བྱས་ནས། ཁེ་ལས་ཀྱི་ཉེན་ཆེའི་བེད་མེད་དངོས་པོ་ཕྱོགས་བསྡུས་བེད་སྤྱོད་དང་ཐག་གཅོད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། ཉེན་ཆེའི་བེད་མེད་དངོས་པོ་གཙང་སེལ་བྱ་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན་པས། ཁེ་ལས་རང་ངོས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། དོ་དམ་ལམ་སྲོལ་ཚད་ལྡན་དུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱེད་པ་ནི‘རྒྱལ་དོན་ཆེན་མོའི’བླང་བྱ་གལ་ཆེན་ཞིག་ཡིན་པ་བློ་ལ་བརྟན་པོར་བཟུང་ནས། ཞིང་ཆེན་གྱི་གནས་ཚུལ་དང་ངེས་གནས་ལ་གཞི་འཛུགས་པ། རིག་པ་གསལ་ལ་བྱ་བའི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ལས་དོན་ཁག་གི་བླང་བྱ་དོན་འཁྱོལ་བཟང་པོ་བྱེད་པ་བཅས་བྱེད་དགོས། ཐག་གཅོད་བྱེད་ཐབས་མི་འདྲ་བར་གཞིགས་ནས་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་མེད་ཅན་དང་། ཉུང་འཕྲི་ཅན། ཐོན་ཁུངས་ཅན་བཅས་ཀྱི་ཐག་གཅོད་ཐུབ་པར་བརྩོན་ལེན་་དང་། ཡུན་རིང་ལ་བསམ་གཞིག་དང་། ཚན་རིག་དང་མཐུན་པའི་དཔྱད་དཔོག བཀོད་པ་ཇེ་ལེགས་སུ་གཏོང་བ་བཅས་མཐའ་འཁྱོངས་དང་། གཅིག་སྡུད་སྒོས་ཐག་གཅོད་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་སྤྱི་འདོམས་བྱེད་པ་བཅས་བྱས་ནས“ཆུང་བ་དང་ཁ་ཐོར། རྙོག་འཛིང”བཅས་གཏན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།