ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཡུལ་ཤུལ་དུ་བརྟག་དཔྱད་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ལས་ཚབ་པ་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་དཔྱད་བཞུགས་མོལ་གནང་སྐབས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དེ་དྲིན་གཟོ་འབད་བརྩོན་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སུ་བསྒྱུར་བ། “གཏན་ཁེལ་གཉིས”ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་མྱོང་རྟོགས་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”བློ་ཐག་རྦད་ཆོད་ཀྱིས་སྒྲུབ་ཐུབ་པར་བྱེད་པ། ཡུས་ཧྲུའུ་ཡི་ཡོམ་འགོ་རྒུད་སྐྱོབ་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། དྲིན་གཟོའི་སེམས་པ་དང་འབད་བརྩོན་གྱི་ཕུགས་འདུན་གྱིས“སྔར་ལས་ཇེ་བཟང་དུ་འགྲོ་བ་གཉིས”ཀྱི་ལེའུ་གསར་པ་ལེགས་པར་རྩོམ་དགོས། 

ཡུས་ཧྲུའུ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་གསན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་ལ་སྙིང་ཉེ་བའི་ཐུགས་ཁུར་ཟབ་བཞེས་གནང་བ་དེས། ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་མང་ཚོགས་དཀའ་སྤྱད་མདུན་སྐྱོད་བྱེད་པར་རྟིང་སྐུལ་ཆེན་པོ་ཐེབས་ཡོད་པས། ས་འགུལ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་དང་། དབུལ་ཐར་འགག་སྒྲོལ། ཁེངས་སྐྱོན་འགོག་པ་སོགས་ཀྱི་ལས་དོན་ཆེན་པོ་རྣམས་སྟོབས་ཤུགས་ཡོད་རྒུས་སྒྲུབ་ནས། འཕེལ་རྒྱས་ལ་སྟོན་རྒྱུ་ཡོད་པ་དང་བྱ་བར་གྲུབ་འབྲས་ཡོད་པར་བྱེད་དགོས། ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ལས་གཙོ་བོ་ཁྲོད་ཀྱི་གཙོ་བོ་ཡིན་སྟབས། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་བྱེད་པ་དང་། ཆུའི་ཐོན་ཁུངས་སླར་གསོ་དང་སྲུང་སྐྱོང་དེ་ཐོག་མའི་ལས་འགན་དུ་འཛིན་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པ་ནི་མགོ་རྩོམ་ས་གསར་པར་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་བྱེད་ནུས་སྣ་མང་དང་རིན་ཐང་གཞན་སྒྱུར་གྱི་ལམ་བུ་འཚོལ་ཞིབ་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་མ་རྩའི་བདག་དབང་མངགས་བཅོལ་ལས་ཚབ་ལམ་སྲོལ་གྱི་ཚོད་ལྟའི་ས་ཚིགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་གི་སློབ་གསོ་ཇེ་དྲག་ཏུ་བཏང་སྟེ། མཐོ་སྒང་གི་སྐྱེ་ཁམས་དག་གཙང་སྲུང་དགོས། ཁྱད་ལྡན་ཐོན་ལས་དམིགས་གཏད་དུ་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གསུང་རབ་ལེགས་པར་ཀློག་ཅིང་། ཆུའི་རྩོམ་ཡིག་ལེགས་པར་འབྲི་བ། རིག་གནས་ཀྱི་མཚོན་བྱང་ལེགས་པར་འགེལ་བ་བཅས་བྱས་ཏེ། རྩེ་རིམ་ཅན་དང་མྱོང་རྟོགས་ཟབ་མོ་རྣམ་པའི་ཡུལ་སྐོར་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། འབྲི་གཡག་དང་ནས་འབྲུ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལེགས་པོ་བཟོ་བ་དང་། ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྲོམ་ར་བེད་ལེགས་པར་སྤྱད་དེ། ཐོན་རྫས་སྤུས་ལེགས་ཡིན་ལ་རིན་གོང་བདེ་བར་བྱེད་དགོས། དྭངས་གཙང་དྲོད་འདོན་གྱི་བསྡུར་ཚད་མགྱོགས་མྱུར་གྱིས་མཐོར་འདེགས་པ་དང་། དྭངས་གཙང་ནུས་ཁུངས་བེད་སྤྱོད་སྟོབས་ཤུགས་ཡོད་རྒུས་རྒྱ་ཁྱབ་ཏུ་གཏོང་བ། “ཐཱན་གཉིས”དམིགས་འབེན་མངོན་འགྱུར་བྱེད་པར་རོགས་སྐུལ་བྱེད་པ། ཏང་དང་མི་དམངས་ཀྱི་དགོས་མཁོ་དེ་འགན་འཁྲི་རུ་བཟུང་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་སྔར་ལས་སྟོབས་དང་ལྡན་པར་སྐྲུན་པ་དང་། རིགས་སོ་སོའི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་ཡོང་བ་བཅས་བྱེད་དགོས། 

ཝུའུ་ཞའོ་ཅུན་གྱིས་གསུང་བཤད་ཁྲོད་བསྟན་དོན། ཡུས་ཧྲུའུ་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་། འཕེལ་རྒྱས་འགན་འཁྲི་ལྗིད་བས། གནོད་ཕྱིའི་བསྐྱར་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་འདྲེས་སུ་བཅུག་ཡོད་ཅིང་། རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་རྒྱབ་སྐྱོར་གཅིག་ཏུ་བསྡུས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་མངོན་པར་བྱས་ཡོད། མགོ་རྩོམ་ས་གསར་པ་དང་བགྲོད་ལམ་གསར་པའི་སྟེང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་བྱས་འབྲས་ལྷུར་ལེན་པ་དང་། ཆུ་མགོ་གསོ་སྐྱོང་ཁུལ་སྐྲུན་པར་དམིགས་པ། མཚེའུ་དང་གཙང་བོའི་ཆུ་དཔོན་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་ལེགས་པར་འཛིན་པ། གཙོ་གནད་ཆུ་མགོའི་གནས་ཀྱི་ཆུ་བེད་བཟོ་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་ཤུགས་སྣོན་པ། རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བ་དང་། ཕྱུགས་བསྐྱུར་རྩ་འདེབས་ཆུ་གསོ། ས་ནག་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་འབྱུང་བར་སྐུལ་སྤེལ་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྟོབས་ཤུགས་ཡོད་རྒུས་ལེགས་པོར་འཛིན་པ་དང་། རིམས་ནད་འགོག་སྡོམ་གྱི་འགག་སྒོ་དམ་པོར་སྲུང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཐིག་བརྟན་པོར་བསྲུངས་ཏེ། ཡུས་ཧྲུའུ་གྱི་འཕེལ་རྒྱས་སྔར་ལས་ཇེ་བཟང་དུ་གཏོང་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།