ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་སྤྱི་འདོམས་སྐུལ་འདེད་སྒོས་རིམས་ནད་འགོག་སྡོམ་གྱི་སྲུང་རགས་བརྟན་པོ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དུ་རེབ་གསར་པའི་རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ལས་འགན་ནན་ཏན་གྱིས་ལག་ལེན་དུ་བཏབ་ནས། རིམས་ནད་འགོག་སྡོམ་གྱི་ཆབ་སྲིད་ལས་འགན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་བླངས་ཤིང་། བཀོད་འདོམས་བཀོད་གཏོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་། སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་ནུས་ལྡན་གྱིས་ཇེ་དྲག་ཏུ་བཏང་ཞིང་། སྨན་བཅོས་སྐྱོབ་བཅོས་སྟོབས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་ལ། ལྟ་སྐུལ་བྱེད་ཤུགས་མུ་མཐུད་དུ་ཆེར་སྐྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་། 

ཛ་དྲག་དང་རྙོག་འཛིང་ཆེ་བའི་རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་གདོང་གཏད་དེ། དུས་ལྟར་གྲོང་ཁུལ་གཙོ་བོར་ཉིང་སྐྱུར་བརྟག་དཔྱད་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྔ་རྗེས་སུ་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་སྨན་དོན་མི་སྣ3160ཟི་ལིང་གྲོང་ཁྱེར་གྱི་ཉིང་སྐྱུར་དཔེ་ལེན་ལ་རྒྱབ་སྐྱོར་བྱེད་དུ་འདེམས་མངགས་བྱས། ཞིང་ཆེན་དང་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང24རྩ་འཛུགས་བྱས་ནས་ཉིན་མཚན་དབྱེར་མེད་དུ་ཉིང་སྐྱུར་བརྟག་དཔྱད་བྱས། རིམ་རྩིས་ལྟར་ན་འཕྲོད་བསྟེན་ཆེད་ལས་མི་སྣ3356འདེམས་སྐུང་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རྒྱུག་ཆེའི་ནད་བརྟག་དཔྱད་དང་། དུག་སེལ། དཔེ་ལེན། སེམས་ཁམས་བདེ་ཐང་ཞབས་ཞུ་སོགས་འཕྲལ་བསྟུན་ཐག་གཅོད་བྱ་བ་ཁག་སོ་སོར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས། 

ནད་པ་གཅིག་བསྡུ་དང་། ཆེད་མཁས་གཅིག་བསྡུ། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་བསྡུ་བཅས་ཀྱི“གཅིག་བསྡུ་བཞིའི”རྩ་དོན་ལྟར། གཏན་ཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་དུས་དང་པོར་གཏན་ཁེལ་སྨན་བཅོས་ལས་ཁུངས་སུ་བསྐྱལ་ནས་གཅིག་བསྡུ་སྐྱོབ་བཅོས་དང་བཀར་འཇུག་གསོ་རིག་ལྟ་ཞིབ་བྱས་པ་དང་། ཞིང་ཆེནརིམ་པའི་རིག་ཚན་སྣ་མང་གི་ཆེད་མཁས་སྐྱོབ་བཅོས་རུ་ཁག་བཙུགས་ཤིང་། མི་གཅིག་ལ་ཇུས་གཞི་གཅིག་བཟོས་ནས། ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་ལ་ཤུགས་བསྣན་ཏེ། སྨན་བཅོས་སྐྱོབ་བཅོས་བྱ་བ་སྟོབས་ཤུགས་ཡོད་རྒུས་སྤེལ། ཟླ4པའི་ཚེས24ཉིན། རིམ་རྩིས་ལྟར་ན་ནད་དྲག་ནས་སྨན་ཁང་ནས་བུད་པའི་ནད་པ18ཡོད་ཅིང་། གསོ་རིག་བཀར་འཇུག་ལྟ་ཞིབ་ལས་གྲོལ་བའི་ནད་རྟགས་མེད་པའི་ནད་པ29ཡོད།

རང་ཞིང་གི་འགོག་སྡོམ་སྲིད་ཇུས་དང་འགོག་སྡོམ་གནས་ཚུལ་བརྒྱུད་ལམ་མང་པོ་དང་། སྟེགས་བུ་མང་པོ། ཟུར་མང་པོ་ནས་དྲིལ་སྒྲོག་བྱས་པར་མ་ཟད། མཚོ་སྔོན་དང་ལས་རྐང་དུ་ལོག་མཁན་དང་། ཉིང་སྐྱུར་བརྟག་དཔྱད། མི་སྒེར་འགོག་སྲུང་སོགས་ལ་ཤ་ཚའི་དྲན་སྐུལ་བསྒྲགས་ཏེ། རང་འགུལ་གྱིས་སྤྱི་ཚོགས་ཀྱི་དོ་སྣང་ལ་ལན་བཏབ། འཕྲིན་གཏོང་ལས་གཉེར་ཁང་ཆེན་མོ་གསུམ་དང12379ཉེན་ཟོན་སྔོན་བརྡའི་སྟེགས་བུ་དང་མཐུན་སྦྱོར་གྱིས་ཉིན་རེར་ཞིང་ཆེན་ཡོངས་ཀྱི་ཁ་པར་སྤྱོད་མཁན་ཁྲི696ལ་དྲན་སྐུལ་བརྡ་འཕྲིན་བཏང་སྟེ། འགོག་སྡོམ་སྲིད་ཇུས་ཤེས་མཁན་རྒྱ་བསྐྱེད། གསར་འགྱུར་སྨྱན་བྱད་དང་སྦྲེལ་ནས་ཡུལ་དངོས་དང་པོའི་རིམས་འགོག་གཏམ་རྒྱུད་ལེགས་པོར་སྤེལ་ཏེ། དམངས་སེམས་ལྕགས་རི་བཞིན་བརྟན་པའི་སྒོ་ནས་རིམས་ནད་འགོག་རྒོལ་བྱས་པའི་སྤྱི་ཚོགས་ཀྱི་དྲང་ཕྱོགས་སྟོབས་ཤུགས་གཅིག་ཏུ་བསྡུས། 

“ཕྱི་ནས་ནང་མཆེད”ཀྱི་འགག་སྒོ་ཕྱོགས་ཡོངས་ནས་དམ་པོར་སྲུང་བ་དང་། “སར་བབ་བརྟག་དཔྱད”ཀྱི་བླང་བྱ་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། ཁུལ་ཁོངས་ཀྱི་མཐུན་སྦྱོར་བརྟག་དཔྱད་ལ་ཤུགས་སྣོན་དང་། “ཉེན་རྟོག་དང་སྤྱི་པའི་འཕྲོད་བསྟེན། བཟོ་འཕྲིན་ཚན་རྩལ་གསུམ”མཉམ་འགུལ་ཇེ་དྲག་ཏུ་བཏང་སྟེ། ཚེས21ཉིན་གྱི་དུས་ཚོད12བར་དུ་ཞིང་ཆེན་ཡོངས་སུ་རིམ་རྩིས་གྲལ་བཤེར་བྱས་པའི་མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་མི166447ཡོད། དུས་མཚུངས་སུ། “དུག་འཇོམས་ཁུངས་སེལ་དང་རིམས་གནས་གཙང་བཟོའི”འགུལ་སྐྱོད་རྩ་འཛུགས་བྱས་ནས་སྤེལ་བ་དང་། གནད་དུ་འཁེལ་བའི་སྒོ་ནས་རིམས་གནས་ཞིབ་འཇུག་གཏན་འབེབས་བྱས་ཏེ། དུག་སེལ་རིམས་འཇོམས་བྱ་བར་གཟབ་ནན་གྱིས་སྐུལ་འདེད་བཏང་སྟེ། རིམས་ནད་རྒྱ་ཁྱབ་ཏུ་མཆེད་པར་ནན་འགོག་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།