ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོའི་བྱ་བར་རྟོག་ཞིབ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ལས་ཚབ་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱེས་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གཏན་ཁེལ་གཉིས་དོན་འཁྱོལ་དང་། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པ། གུང་ཧོའི་གཤོངས་ས་དར་སྤེལ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ཁྲོད་མཚོ་ལྷོའི་བྱས་རྗེས་མངོན་པར་བྱེད་དགོས།

མཚོ་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་ཉེ་བའི་ལོ་འགའི་རིང་། མཚོ་ལྷོས་བསམ་ཕོད་པ་དང་སྒྲུབ་ཕོད་པ། ལེགས་ཆར་རྐང་འཛུགས་པ།  མི་མངོན་པའི་སྟོབས་ཤུགས་འདོན་པ། ནང་འགུག་ཕྱི་འབྲེལ་བྱས་པས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་པ་བླངས་པ་དང་། ཁུལ་ཡོངས་ཀྱིས་མྱུར་དུ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཧ་ཅང་སྲ་བརྟན་དང་དཀའ་སྤྱད་འབད་འཐབ་ཀྱི་སྤོབས་པ་སྔར་ལས་ཆེེར་སྐྱེད། ཐོད་བརྒལ་རྗེས་སྙེག་གི་གནས་བབ་སྔར་ལས་ཆེ་བར་བསྟན་པ་མ་ཟད། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། མིག་སྔར་དང་ཡུན་རིང་གི་ཟུང་འབྲེལ་བྱེད་གནས་བཙལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་རྟེན་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་དགོས། མཚོ་སྐོར་སྐྱེ་ཁམས་ར་བ་དང་རྨ་ཆུའི་བཞུར་ཁུལ་གྱི་སྐྱེ་ཁམས་ས་ཁུལ་འཛུགས་སྐྲུན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་སྔོན་དུས་ཀྱི་བྱ་བ་བསྒྲུབ་པ། མཚེའུ་དང་རྩྭ་ས། ཉ། བྱེའུ། མི་བཅས་མཉམ་གནས་བྱེད་པའི་མ་ལག་སྲུང་སྐྱོང་བཟང་བོ་བྱེད་པ། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཐཱན་གཉིས་དམིགས་འབེན་གྱི་སྔོན་བསྐྱོད་ཚོད་ལྟར་གཙིགས་སུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཆུ་དང་ཉི་འོད། རླུང་། དྲོད་བཅས་ནུས་མང་ཁ་གསབ་དང་འདུས་གྲུབ་ལེགས་བསྒྱུར་གྱི་འཕེལ་རྒྱས་རྣམ་པ་འཛུགས་པ། ནུས་ཁུངས་གཙང་མ་དང་གྲངས་འཛིན་ཆེན་མོའི་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། མཐོ་སྒང་དང་ལྗང་མདོག དག་གཙང་ཁུལ་ལ་རྐང་འཛུགས་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་འཛུགས་སྐྲུན་བྱེད་པར་རོགས་འདེགས་དང་། མཚོ་སྔོན་པོ་དང་རྨ་ཆུའི་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། ཁུལ་ཡོངས་ཀྱི་ཡུལ་སྐོར་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་། གནང་སྤྲོད་གསུམ་དང་ཕན་ཡོད་གཅིག་རྒྱུན་འཁྱོངས་སྒོས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བསྒྱུར་ལ་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་རྩོལ་ནུས་དང་རྩ་འཛུགས་མ་ལག་འཛུགས་སྐྲུན། ཏང་ཡོན་གྱི་སྤྱོད་ཚུལ་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཚང་མར་འཐབ་འཛིང་གི་བཙན་རྫོང་འཛུགས་སྐྲུན་བྱེད་པ། ཏང་ཡོན་ཚང་མ་དངོས་གཉེར་ཁག་ཁུར་གྱི་གདོང་ལེན་དཔེ་སྟོན་དུ་འགྱུར་བར་སྦྱོང་བརྡར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ལན་མི་བརྗེད་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་སྐབས། མཚོ་ལྷོ་ནི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་གུ་ཧོའི་གཤོངས་ས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་གནས་གཙོ་བོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དང་མཉམ་འདྲེས་གཏིང་ཟབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ནུས་རྒྱུ་གཙང་མ་དང་། གཞི་གྲངས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་འགན་འཁུར་ཕོད་པ་བྱས་ཏེ་རྩ་བ་བརྟན་པར་སྔར་ལས་མཐོང་ཆེན་དང་། “སྔོ་ཞིང་དྭངས་བའི་རི་ཆུ”འཛུགས་སྐྱོང་ལ་ཤུགས་སྣོན། ནུས་ཤུགས་ཡོད་རྒུས་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད། དོན་དངོས་ཐོག་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལ་གཞོལ་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་དགོས། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་འགན་འཁུར་ཕོད་པ་དང་། ནུས་རྒྱུ་ཆེར་གཏོང་བར་རྒྱུན་མཐུད་ཐུབ་པ། མགྱོགས་མྱུར་སྒོས་ནུས་རྒྱུ་གཙང་མ་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “མཚོ་སྔོན་བཟོ་སྐྲུན་དང་མཚོ་སྔོན་བེད་སྤྱོད”ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ་དང་། ཚན་རྩལ་གསར་གཏོད་ཇེ་མགྱོགས་སུ་གཏོང་བ། ནུས་མང་གསབ་རེས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་མ་ལག་ཧུར་ཐག་གིས་འཛུགས་པ་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ་དང་། རྨོ་ཞིང་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་། གཞི་ཁྱོན་རང་བཞིན་གྱིས་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ། རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བར་མཐོང་ཆེན་དང་། སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་བཟང་པོ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་པ། སྤུས་རྟགས་གཏོད་པ་བཅས་ཀྱི་ཐད་ཤུགས་བསྣན་ནས་གྲོང་གསེབ་འཛུགས་སྐྲུན་ལ་དམ་འཛིན་བཟང་པོ་བྱེད་དགོས། སྤུས་ལེགས་ཐོན་ལས་སྐྱེད་སྲིང་བྱེད་པའི་ཐད་བློ་ཁོག་ཆེན་པོས་འགན་འཁུར་བ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་མུ་མཐུད་ཤུགས་བསྣན་ནས། གྲངས་འཛིན་ཆེན་མོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་རྐང་འཛུགས་པ་བཅས་བྱས་ཏེ་ཧུར་ཐག་གིས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱེད་དགོས་པར་བསྟན།

ཡུས་ཚུང་ལི་རྟོག་ཞིབ་བཞུགས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།