རྨ་སྟོད་ཀྱི“5·22”ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་ལས་གཞིའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་མགོ་བསྐྱར་འཛུགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་སྟོད་ཀྱི“5·22”ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་གྱི་གཅིག་སྡུད་ལས་མགོ་བསྐྱར་འཛུགས་མཛད་སྒོ་ཟླ4པའི་ཚེས18ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སོ་སོ་རུ་སྤེལ་བའི་སྟེང་ནས། རེས་སྐོར་གསར་པའི་ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་ལས་གཞིའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་མགོ་བརྩམས་པ་མཚོན་ཡོད།

2021ལོའི་ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ4ཡི་སྟེང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ7.4བྱུང་ནས་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་དེ་བཞིན་ཉེ་འཁོར་གྱི་རྨ་ཆེན་རྫོང་དང་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སོགས་ས་ཆ་མང་པོའི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་བཤིག་ཐེབས། ས་ཡོམ་བྱུང་རྗེས་ཀྱི་ཉིན་ལྔ་བཅུ་ང་གཉིས་པར་ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་ལས་གཞིའི་རྣམ་གྲངས་ཐོག་མར་ལག་བསྟར་བྱེད་མགོ་བརྩམས། ས་ཡོམ་གྱི་ལྟེ་བར་གནས་པའི་མགོ་ལོག་ཁུལ་རྨ་སྟོད་རྫོང་གིས་འཕྲལ་དུ་འབྲོག་པའི་དུད་ཚང13911གིBདངCརིམ་པ་ཡི་སྡོད་ཁང་ཉམས་གསོ་དང་སྲ་བརྟན་དུ་བཏང་བ་དང་། དགེ་སློབ3200ལྷག་ལ་བཀོད་སྒྲིག་འོས་འཚམ་བྱས་ཏེ་དྲོད་སྐྱིད་ངང་དགུན་སྒྲོལ་ཐུབ་པར་བྱས་པ་དང་། སློབ་མ་རྣམས་རྒྱུན་ལྡན་བཞིན་སློབ་གྲྭར་སྐྱོད་པ་དང་། སྒྲིག་བཀོད་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པ་བཅས་ཀྱི་ལས་འགན་ཆེན་པོ་གསུམ་ལེགས་སྒྲུབ་བྱས། ཉེ་བའི་ལོ་གཅིག་རིང་ལས་གཞིའི་རྣམ་གྲངས108དོན་འཁྱོལ་བྱས་པར་སྒོར་དུང་ཕྱུར32.74ཟིན་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར4.95བཏང་ཡོད། ཉེ་འཁོར་གྱི་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་གིས་ཀྱང་གནོད་འཚེ་ཐེབས་པའི་འབྲོག་པ973གནས་སྤོ་བཀོད་སྒྲིག་བྱས་ནས། འབྲོག་པ་མང་ཚོགས་ཀྱིས་བདེ་བླག་ངང་དགུན་སྒྲོལ་ཐུབ་རའི་འགན་ལེན་བྱས། 

ད་ལོའི་རེས་སྐོར་གསར་པའི“5·22”ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ལས་གཞིའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་མགོ་བརྩམས་ནས་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་འཛུགས་སྐྲུན་ཐུབ་པ་དང་། གྲུབ་འབྲས་གལ་ཆེན་ཐོབ་པར་བྱེད་པའི”འགག་སྒྲོལ་བླང་བྱ་གཞིར་བཟུང་སྡོད་ཁང་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སླར་གསོ། ཁྱད་ལྡན་ཐོན་ལས་སླར་གསོ། གནོད་འགོག་གནོད་འཕྲིའི་སྒྲིག་གཞི། འཆམ་མཐུན་གྱི་ཁྱིམ་གཞིས་བཅས་ཀྱི་རྣམ་གྲངས་བརྒྱད་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ཤེས་རྟོགས་བྱུང་བ་ལྟར་ན། མགོ་ལོག་ཁུལ་རྨ་སྟོད་རྫོང་ནི་ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་གྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས། ད་ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང271གིDརིམ་པའི་སྡོད་ཁང་དང་། དུད་ཚང2781གི་གྲོང་གསེབ་ཀྱི་སྡོད་ཁངDརིམ་པའི་བསྐྱར་སྐྲུན་ལས་དོན། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ3047གྱིBདངCརིམ་པའི་སྡོད་ཁང་ཉམས་གསོ་སྲ་བརྟན་གཏོང་བའི་ལས་འགན་བཅས་ལེགས་སྒྲུབ་བྱ་རྒྱུ་རེད། དུས་མཚུངས་སུ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར9.5བཏང་བའི་གཙོ་གནད་རྣམ་གྲངས29ཡང་ཟླ་འདིའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་རེད། གཞན་ཡང་། གསར་འགོད་པས་ཡུལ་ཧྲུའུ་ཁུལ་ཁྲི་འདུ་རྫོང་གི“5·22”ས་ཡོམ་གྱི་གནོད་ཐེབས་བསྐྱར་སྐྲུན་གྱི་གཅིག་སྡུད་ལས་མགོ་བསྐྱར་འཛུགས་མཛད་སྒོའི་ཡན་ལག་ཚོགས་ར་ནས་ཤེས་རྟོགས་བྱུང་བར། ཁྲི་འདུ་རྫོང་གི་གཙོ་གནད་རྣམ་གྲངས54གཅིག་སྡུད་ཐོག་ལས་མགོ་བསྐྱར་འཛུགས་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར7.26བཏང་བ་དེ་དག་དམངས་འཚོ་ལེགས་གཏོང་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།