ཀྲུང་གོ་བོད་ཀྱི་དྲ་བ།

ཡན་པའེ་ཡིས་རིམས་ནད་འགོག་སྡོམ་གྱི་འཐབ་ཡུལ་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པར་གཟིགས་ཞིབ་དང་འཚམས་འདྲི་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡན་པའེ་ཡིས་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་འགོག་སྡོམ་གྱི་འཐབ་ཡུལ་དང་པོའི་ལས་སྒྲུབ་སྤྱི་བདེའི་མི་དམངས་ཉེན་རྟོག་པར་གཟིགས་ཞིབ་དང་འཚམས་འདྲི་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས། ཚན་རིག་དང་མཐུན་པར་གནད་དུ་འཁེལ་བ་དང་འགུལ་རྣམ་རྩ་མེད། རྒྱལ་ཁ་ལེན་པར་ཡིད་ཆེས་བརྟན་པ། འགན་འཁྲི་འཁུར་བར་བློ་དཀར་བ་བཅས་བྱས་ནས།  ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱས་ནས། རིམས་ནད་འགོག་སྡོམ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་འཛུགས་དགོས་ཞེས་བསྟན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཧྥུན། ཧྲིན་ཀྲང་གཞོན་པ་འམ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་བཅས་མཉམ་དུ་གཟིགས་ཞིབ་དང་འཚམས་འདྲི་གནང་བར་ཕེབས། 

ཡན་པའེ་ཡིས་ནན་གྱི་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་ཚུལ་རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བས། ཕྱི་རིམས་ནང་དུ་མཆེད་པ་སྔོན་འགོག་དང་། ནང་རིམས་ཡང་བསྐྱར་མཆེད་པ་སྔོན་འགོག་བྱེད་པའི་གནོན་ཤུགས་ཉིས་བརྩེགས་ལ་འཕྲད་ནས། རིམས་ནད་འགོག་སྡོམ་དང་ཐག་གཅོད་ཀྱི་ལས་དོན་སྐར་ཁུང་དུས་སྐབས་དང་འགག་རྩའི་གནས་སུ་ལྷུང་ཡོད། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་རིམས་ནད་བྱུང་ཚུལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཕྱོགས་གཉིས་ནས་དམག་འཐབ་བྱེད་པའི་ལས་འགན་གཟི་བརྗིད་ཆེ་བ་དང་ལས་འགན་དཀའ་ཚེགས་ཆེ་བས། རིམས་འགོག་སྒྲིག་ལམ་སྲུང་སྐྱོང་བཟང་པོ་བྱས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་ལ་འགན་ལེན། བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ནན་ཏན་གྱིས་བསྒྲུབས་ནས་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཅིག་སྡུད་ཐོག་གྲལ་བཤེར་དང་སེལ་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། གཙོ་གནད་ཁུལ་གྱི་ལས་སྒྲུབ་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པ་དང་། སྨན་བཅོས་སྒྲིག་ལམ་དང་རིམས་འགོག་སྒྲིག་ལམ། དྲ་རྒྱའི་སྒྲིག་ལམ། ཁྲོམ་རའི་སྒྲིག་ལམ། སྤྱི་ཚོགས་ཀྱི་སྒྲིག་ལམ་སོགས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས། རིམས་འགོག་གི་སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུས་ནས་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་དང་། འཕྲོད་བསྟེན་བདེ་ཐང་དང་སྡེ་ཁུལ་སོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་མི་སྣར་རིམས་འགོག་གྲལ་བཤེར་དང་། ནད་ཡམས་རིག་པའི་བརྟག་དཔྱད་ཁུངས་འདེད། རྗེས་ཤུལ་ཞིབ་བཤེར། དབོར་འདྲེན་ལོགས་བཀར། སྡེ་ཁུལ་དོ་དམ་ཚོད་འཛིན། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་ཆེ་འབྲིང་ས་ཁུལ་ཚོད་འཛིན་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས། རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ནས་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་དུ་བསད་ནས། རིམས་ནད་འགོག་སྲུང་གི་གཏན་འབེབས་ནན་གྱིས་ལག་བསྟར་བྱེད་པ། འགོག་སྲུང་གི་སྒྲིག་ཆས་སྒྲིག་སྦྱོར་བཟང་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཉེན་རྟོག་པའི་སྟོབས་ཤུགས་དང་འཐབ་རྩོད་ཀྱི་སྟོབས་ཤུགས་ལྡན་པར་བྱེད་པ། ཚན་རིག་དང་མཐུན་པར་ལས་ཀ་བཀོད་སྒྲིག ཉེན་རྟོག་པ་ལུགས་མཐུན་ངང་སྤྱོད་པ་བཅས་བྱས་ཏེ་དཔུང་ཁག་གི་བསམ་པའི་ཉམས་འགྱུར་དང་ཡུན་རིང་གི་འཐབ་རྩོད་ནུས་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།