ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གི་མཁར་ཁུལ་གཙོ་བོའི་འཇགས་རྣམ་དོ་དམ་བྱ་ཐབས་སྔར་ལས་ཇེ་ལེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོའི་ཁྱབ་ཁོངས་སུ་མུ་མཐུད་དུས་ཡུན་ཉིན5ལ་འཇགས་རྣམ་དོ་དམ་བྱེད་སྐབས། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གཏན་འཇགས་རང་བཞིན་གྱི་དོ་དམ་བྱ་ཐབས་སྔར་ལས་ཇེ་ལེགས་སུ་བཏང་ནས་འབྲེལ་ཡོད་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་གྲབས་གསོག་མཁོ་སྤྲོད་དང་སྡོད་དམངས་ལ་སྨན་བཅོས།  བྲེལ་མྱུར་སྨན་བཅོས་སྲོག་སྐྱོབ། ཆུ་དྲོད་གློག་རླངས་འགན་སྲུང་། ཐོལ་བྱུང་གནས་ཚུལ་ཐག་གཅོད་སོགས་ཆེད་དམིགས་ལས་དོན་བཀོད་སྒྲིག་བྱས།

ཟླ4པའི་ཚེས13ཉིན་ནས་བཟུང་མཁར་ཤར་ཁུལ་དང་། ཟླ4པའི་ཚེས14ཉིན་ནས་བཟུང་མཁར་དབུས་ཁུལ་དང་། མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་ལ་འཇགས་རྣམ་དོ་དམ་བྱས་པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁ་མཆེད་པའི་རྣམ་པར་ནུས་པ་ལྡན་པའི་ཚོད་འཛིན་བྱས། རིམས་ནད་རྩ་བ་ནས་མཆེད་དུ་མི་འཇུག་པ་དང་། གང་མགྱོགས་ཀྱིས་ཉེན་ཁ་འགོག་ཆེད། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད་འཇགས་རྣམ་དོ་དམ་དུས་ཡུན་ཇེ་རིང་དུ་གཏོང་བ་དང་། མི་སྣ་འཁོར་རྒྱུག་སྔར་བས་ཇེ་ཉུང་དུ་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་རིམས་ནད་མཆེད་པ་བཀག་འགོག་བཅས་བྱས། ཨའོ་སྨི་ཁེ་རུང་ནད་དུག་གཞན་འགྱུར་གྱི་ནད་རྟགས་མི་མངོན་པའི་དུས་ནི་ཉིན3ནས7བར་ཡིན་པར་གཞིག་ནས། དུས་མགོར་ཟི་ལིང་གྲོང་ཁྱེར་གྱིས་ཉིན3གྱི་འཇགས་རྣམ་དོ་དམ་ལག་བསྟར་བྱས་ནས་དུས་ཡུན་ཉིན5ཡི་འཇགས་རྣམ་དོ་དམ་དུས་ཚོད་ཇེ་རིང་དུ་བཏང་ནས་ནད་དུག་གི་མི་མངོན་པའི་དུས་སྐབས་གཞི་རྩའི་ཆ་ནས་ལོངས་སུ་བཅུག་ནས། དུས་ཚོད་ཐུང་ངུའི་རིང་འགོག་སྡོམ་བྱ་བར་ཕན་འབྲས་ཆེན་པོ་ཐོན་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་དུས་མགོའི་འཇགས་རྣམ་དོ་དམ་སྐབས་སུ་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་གཞིགས་ནས་འཇགས་རྣམ་དོ་དམ་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་བཏང་། སྡེ་ཁུལ་སོ་སོར་ཡང་ཆེད་མངགས་དང་བླངས་ཞབས་ཞུའི་དཔུང་སྡེ་རྩ་འཛུགས་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་འགན་ལེན་ལ་ཤུགས་སྣོན་དང་། ལྷག་པར་དུ་དམིགས་བསལ་མི་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་མུ་མཐུད་ཤུགས་བསྣན་ནས་འཚོ་བའི་དངོས་རྫས་དང་སྨན་རྫས་ཀྱི་དགོས་མཁོ་འཚོལ་བསྡུ་དང་། ཚབ་ཉོ། སྡེབ་སྐྱེལ་སོགས་བྱེད་པར་རོགས་རམ་བྱས། སྡོད་དམངས་ལ་དགོས་མཁོ་ཅི་ཡོད་ཚེ་དུས་ལྟར་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་འབྲེལ་བ་བྱས་ཆོག་པ་དང་། གལ་སྲིད་གློ་བུར་བའི་ཛ་དྲག་གི་གནས་ཚུལ་དང་འཕྲད་ཚེ་མྱུར་ཏུ110ལ་ཁ་པར་བརྒྱབ་ནས་རོགས་སྐྱོར་བྱེད་པའི་རེ་བ་བཏོན་ཆོག ཁྲོམ་རའི་དངོས་ཟོག་མཁོ་འདོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཟི་ལིང་གྲོང་ཁྱེར་དུ་ད་ལྟ་སྒོ་ཕྱེ་ཡོད་པའི་སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་གི་རྨང་གཞིའི་ཐོག་མུ་མཐུད་མཁོ་སྤྲོད་ས་ཚིགས་ཀྱི་གྲངས་འབོར་ཇེ་མང་དུ་བཏང་ནས། སྡེ་ཁུལ་སོ་སོའི་སྒོ་འགྲམ་གྱི་སྟབས་བདེའི་ཚོང་ཁང་དང་སྔོ་ཚལ་ཚོང་ཁང་། སྣ་མང་ཚོང་ཁང་ཆུང་གྲས་བཅས་གཙོ་བོར་བཟུང་ནས་ཅི་ནུས་ཀྱིས་སྒོ་མང་དུ་ཕྱེ་རུ་འཇུག་རྒྱུ་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།