ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཧོང་ཡོན་གྱིས་འབྲེལ་འདྲིས་ཀྱི་འགན་བླངས་པའི་ལས་གཞི་གལ་ཆེན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་དུ་སོང་ནས། འབྲེལ་འདྲིས་ཀྱི་འགན་བླངས་པའི་ལིན་ཧུའུ་གནམ་དཔྱད་རྟེན་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཡུལ་དངོས་ནས་གནས་ཚུལ་ཡར་ཞུར་ཉན་པར་མ་ཟད། དཀའ་ངལ་དང་གནད་དོན་ཐག་གཅོད་པར་མཐུན་སྦྱོར་བྱས།

ཀྲང་ཧོང་ཡོན་གྱིས་གནམ་དཔྱད་རྟེན་གཞིའི་ཆེད་སྤྱོད་བགྲོད་ལམ་ལས་པའི་འཕེལ་རིམ་དང་། རྒྱུ་སྤུས་བདེ་འཇགས། སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་བལྟས་པར་མ་ཟད། ཡུལ་དངོས་ནས་བརྟག་དཔྱད་ཕྱོགས་བསྡུས་ཐོག་ཁང་གི་ཆུ་གློག་དང་། འཕྲིན་གཏོང་། ཐོག་འགོག སྔོན་བརྡ་སོགས་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཚན་རིག་པའི་བྱ་བའི་ས་ཚིགས་ཀྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ཀྲང་ཧོང་ཡོན་གྱིས་དུས་རིམ་སྔོན་མའི་བྱ་བའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས། ཁོས་ཞིང་ཆེན་ཏང་ཨུས་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ཏེ། ཆེད་དུ་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་བསྡུས་ནས། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱས་པ་དང་། རེ་བ་སྔར་ལས་ཆེན་པོ་བཏོན་ཡོད་ཅེས་བཤད། ཁོས་ནན་གྱིས་བསྟན་དོན། ལིན་ཧུའུ་གནམ་དཔྱད་རྟེན་གཞི་ནི་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དཀོན་པོ་ཡིན་པའི་ཆ་ནས། འོད་རིག་པའི་བརྟག་དཔྱད་དང་། རྒྱུ་སྐར་ཚན་རིག བར་སྣང་རྟོག་དཔྱོད་སོགས་རིག་ཚན་གྱི་མ་འོངས་འཕེལ་རྒྱས་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱ་ངེས་པས། ཞིང་ཆེན་ཡོངས་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་གི་མཐོ་ཚད་ནས་རྟེན་གཞི་འདིའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རྟེན་གཞིའི་སྒྲིག་ཆས་ལ་ཚན་གཞི་མཐོན་པོས་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། རྒྱལ་སྤྱིའི་སྟེང་འོདརིག་པའི་གནམ་དཔྱད་ཞིབ་འཇུག་གྱི་རྟེན་གཞི་རྩ་གྲ་ཞིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་དགོས། དངོས་ཡོད་དགོས་མཁོར་དམ་དུ་དམིགས་ནས། མྱུར་དུ་ཐག་གཅོད་དགོས་པའི་དོན་དངོས་དཀའ་ངལ་ལ་ཞིབ་འཇུག་གསལ་བཀྲོལ་བྱེད་པ་དང་། མིག་རྒྱང་རིང་བོས་ལས་གཞི་འཆར་འགོད་འཛུགས་སྐྲུན་བཟང་པོ་བྱས་ཏེ། ཚན་རིག་ཞིབ་འཇུག་དཔུང་སྡེའི་བཅའ་སྡོད་ལ་ཚོད་འཛིན་བྱེད་པའི་གནད་དོན་མྱུར་དུ་ཐག་གཅོད་དགོས། འབྲེལ་འདྲིས་དང་སྦྲེལ་མཐུད་ལ་རྒྱུན་མ་ཆད་པར་ཤུགས་བསྣན་ནས། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་བརྒྱུད་དེ། བགྲོད་ལམ་དང་ཆུ་གློག འཕྲིན་གཏོང་། ཐོག་འགོག སྔོན་བརྡ་སོགས་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཐུན་སྦྱོར་གྱིས་སྤེལ་ནས། གནམ་རིག་རྟོག་དཔྱོད་མྱུར་དུ་སྤེལ་བའི་ཐད་སྟོབས་དང་ལྡན་པའི་རྒྱབ་རྟེན་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།