ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་ལ་རོགས་སྐྱོར་བྱེད་པའི་མཚོ་སྔོན་གྱི་རིམས་འགོག་དངོས་རྫས་སྐོར་ཐེངས་གསུམ་པ་ལམ་ལ་ཆས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་ཀྱིས་ཧྲང་ཧའེ་རིམས་ནད་ལ་སེམས་ཁུར་བྱེད་བཞིན་ཡོད། བར་ཐག་ལེ་དབར་སྟོང་ཕྲག་གིས་ཆོད་པའི་མཚོ་སྔོན་གྱིས་ཧྲང་ཧའེ་དང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱས། ཟླ4པའི་ཚེས11ཉིན། “ལག་རྡང་དཔུང་གཤིབ། དཀའ་སྡུག་མཉམ་སེལ།”ཞེས་པའི་འཕྲེད་བྱང་བཀལ་བའི་རིམས་འགོག་དངོས་རྫས་བརྩིགས་པའི་འཁྱགས་སྐྱེལ་རླངས་འཁོར་དྲུག་དུང་བརྡ་དང་མཉམ་དུ། མཚོ་སྔོན་མི་དམངས་ཀྱི་དྲིན་ཤེས་ཚད་མེད་དང་བརྩེ་བ་ཟབ་མོ་བསྣམས་ནས་ཧྲང་ཧའེ་རིམས་ནད་ས་ཁུལ་དུ་སྐྱོད་མགོ་བརྩམས། 

ཧྲང་ཧའེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་སྐབས་སུ། རང་ཞིང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྲེལ་མྱུར་གྱིས་འཚོ་བའི་རིགས་ཀྱི་དངོས་རྫས་སྣ་ཚོགས་སྐོར་ཐེངས་གསུམ་དུ་བགོས་ནས་གཅིག་རྗེས་གཉིས་མཐུད་དུ་ཧྲང་ཧའེ་རུ་བསྐྱལ་དང་སྐྱེལ་བཞིན་ཡོད། དེ་ནི་འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཧྲང་ཧའེ་རིམས་ནད་ལ་རོགས་སྐྱོར་བྱས་པ་ཡིན་ལ། འདིའི་ཡར་སྔོན་དུ། ཟླ4པའི་ཚེས6ཉིན། མཚོ་སྔོན་གྱིས་ཧྲང་ཧའེ་ལ་རོགས་སྐྱོར་བྱེད་པའི་དངོས་རྫས་ཐོག་མ་ཧྲང་ཧའེ་རུ་འབྱོར་རྗེས། ཟླ4པའི་ཚེས9ཉིན། སྐོར་ཐེངས་གཉིས་པའི་དངོས་རྫས12000ཧྲང་ཧའེ་རུ་མགྱོགས་མྱུར་གྱིས་སྐྱེལ་བར་མ་ཟད་རོགས་སྐྱོར་ལས་འགན་བདེ་བླག་གིས་ཡོངས་འགྲུབ་བྱས། ད་ཐེངས་ཀྱི་སྐོར་ཐེངས་གསུམ་པའི་རོགས་སྐྱོར་དངོས་རྫས་ཀྱང12000ཡོད། རེ་རེའི་ནང་དུ་ཤ་རིགས་ཐོན་རྫས་གསར་པ་དང་སྔོ་ཚོད་སོགས་ཀྱི་འཚོ་བའི་དངོས་རྫས་བཅུག་ཡོད་པས། ཧྲང་ཧའེ་ཡི་འབྲེལ་ཡོད་སྡེ་ཁག་གིས་འཚོ་བའི་དངོས་རྫས་གནད་ཁེལ་དང་སྟབས་བདེ་སྒོས་ཁྱིམ་ཚང་རེ་རེར་སྐྱེལ་བར་སྟབས་བདེ་བཟོས་ཡོད། 

ལོ་ངོ་མང་པོའི་རིང་ལ། ཧྲང་ཧའེ་ཡིས་མཚོ་སྔོན་ལ་སྒེར་སེམས་མེད་ཅིང་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པའི་དྲིན་དེ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ནམ་ཡང་སེམས་སུ་བཟུང་ཡོད། ཧྲང་ཧའེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཆེས་དཀའ་སྡུག་ཆེ་ཞིང་ཆེས་གནད་འགག་གི་སྐབས་སུ། ཧྲང་ཧའེ་མི་དམངས་ལ་འཚོ་བའི་དངོས་རྫས་ཀྱི་རོགས་སྐྱོར་ཆེས་མཁོ་བའི་སྐབས་སུ། མཚོ་སྔོན་གྱིས་ཕངས་པ་མེད་པར་སྦྱིན་པ་བཏང་། སྡུག་ལ་འཕྲད་དུས་བརྩེ་བ་ངོ་མ་ཡིན་མིན་ཤེས། ཧྲང་ཧའེ་དང་མཚོ་སྔོན་སྤུན་ཟླ་བར་གྱི་བརྩེ་དུང་གི་རྨང་རྡོ་སྔར་བས་སྲ་བརྟན་དུ་གྱུར་པ་དང་། བློ་སེམས་གཅིག་མཐུན་གྱིས་རིམས་འགོག་བྱས་ན། ཧྲང་ཧའེ་མི་དམངས་སྔ་མོ་ནས་རིམས་ནད་ཀྱི་འདྲེ་གདོན་ལས་ཐར་ཐུབ་པར་ཡིད་ཆེས་མངའ།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།