ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་རྔོན་པ3ཉེས་དོན་བཀག་ཉར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་སྤྱི་བདེ་ཅུའུ་ཡིས་མུ་མཐུད་དུ་རྡུང་རྡེག་གཏོང་བ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་རིགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཁྲིམས་འགལ་ངང་མེ་མདའ་བཟུང་ནས་རི་དྭགས་རྔོན་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད། 

ཟླ3པའི་ཚེས16ཉིན། ཝུའུ་ལན་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་བྱ་བ་སྒྲུབ་པའི་སྐབས་སུ། མངའ་ཁུལ་གྱི་གྲོང་མི་ལི་ཆེ་གེ་མོས་ཁྲིམས་འགལ་གྱིས་རི་དྭགས་འཛིན་བཟུང་ཐེངས་མང་བྱས་པ་ཤེས་རྟོགས་བྱུང་བ་མ་ཟད། དུས་ཐོག་ཏུ་ཅུའུ་ཏང་ཨུ་ལ་སྙན་སེང་ཞུས། ཅུའུ་ཏང་ཨུའི་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེན་རྟོག་པའི་གྱོད་སྒྲུབ་ཆེད་དོན་ཚན་ཆུང་བཙུགས་པ་དང་། ཆེད་དམིགས་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་ཉེན་ཁ་འགོག་པ་དང་། མི་མངོན་པའི་རྐྱེན་ངན་སེལ་བ། གྱོད་གཞི་འབྱུང་ཚད་ཉུང་དུ་གཏོང་བ། བདེ་འཇགས་ལ་འགན་ལེན་བྱེད་པ་བཅས་ཀྱི་ཆེད་དམིགས་བྱ་སྤྱོད་ཀྱི་མེ་མདའ་དང་འབར་གས་དོན་རྐྱེན་ཞིབ་བཤེར་གྱི་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་ལྟར། ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། ཚྭ་ཁ་གྲོང་རྡལ་དང་མཐོན་པོ་གྲོང་རྡལ་དུ་ཐེངས་མང་བསྐྱོད་ནས་ཁུངས་སྣེ་འཚོལ་ཞིབ་དང་གྲལ་བཤེར་བྱས་པ་མ་ཟད། ལི་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཡོད་ཅན་གྱི་འབྲེལ་ཡོད་ཆ་འཕྲིན་དང་འགུལ་སྐྱོད་ཀྱི་རྗེས་ཤུལ་གཏན་འཁེལ་བྱས། 

ཟླ4བའི་ཚེས7ཉིན། ཆེད་དམིགས་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ལས་སྒོའི་སྡེ་ཁག་གི་རྒྱབ་སྐྱོར་འོག ཝུའུ་ལན་རྫོང་གི་དོ་དམ་གཞུང་ལམ་དང་རྒྱལ་ལམ109ཡི་སྣོལ་མཚམས་སུ་བཅའ་སྡོད་བརྟག་བཤེར་བྱས་ཤིང་། ཆུ་ཚོད17ཡས་མས་སུ་ལྐོག་རྔོན་རླངས་འཁོར་བཀག་ནས་ཉེས་གསོག་དོགས་ཅན་ལི་ཆེ་གེ་མོ་དང་། མ་ཆེ་གེ་མོ། མ་ཆེ་གེ་མོ་བཅས་གསུམ་འཛིན་བཟུང་བྱས་པ་མ་ཟད། རླངས་འཁོར་ནང་མེ་མདའ་གཅིག་དང་མདེའུ7། དེ་བཞིན་དོགས་ཡོད་ཉེས་ཅན་གྱིས་ད་སོ་མ་ལྐོག་རྔོན་བྱས་པའི་རི་སྐྱེས་སྲོག་ཆགས་ཁག་ཅིག་རྙེད། 

མིག་སྔར་དོགས་ཡོད་ཉེས་ཅན3ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་གྱོད་གཞི་ལ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།