ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེ་བའི་ཁྲལ་སློག་སྲིད་ཇུས་ཀྱི་ཐབས་ཇུས་བཀོད་སྐྲིག་ལག་བསྟར་བྱ་ཆེད། ཞིང་ཆེན་ནོར་སྲིད་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་སློག་ཆེད་དོན་མ་དངུལ་སྒོར་དུང་ཕྱུར19.3ཕྱིར་སློག་པར་རྒྱབ་སྐྱོར་བྱས་པ་དང་། ཟླ4བའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་དང་རྫོང་གི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་སློག་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།
ཟླ3པ་ནས་བཟུང་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་ཐོག་ཏུ་རྒྱུ་ནོར་དང་འབྲེལ་བའི་སྲིད་ཇུས་ལེགས་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། གཙོ་གནད་ལས་རིགས་ཀྱི་ཁྲལ་འབབ་ཀྱི་གཞི་ཁྱོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། ལོ་ཧྲིལ་པོའི་དཔྱ་ཁྲལ་ཉུང་འཕྲི་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བའི་ལས་དོན་ལ་ཇུས་འགོད་བྱས། གྲོང་ཁྱེར་དང་རྫོང་གིས་ཁྲལ་སློག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་བྱས་པའི10%ཡི་རྨང་གཞིའི་སྟེང་། ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་བཀོད་སྒྲིག་བྱས་ནས་ལྷག་མའི10%ཡང་ཁ་གསབ་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དཔྱ་ཁྲལ་ཉུང་འཕྲི་དང་ཕྱིར་སློག་གི་མ་དངུལ་ཁ་གསབ་བྱས་པ་རེད། །