ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་རོས་ཧྥུན་གྱིས་འགོ་འཛིན་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་གནས་ཚུལ་བསྒྲགས་པ་ལས་གཞན། མིག་སྔའི་རིམས་ནད་གནས་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁུང་ལིན་ཏུང་དང་། ཟི་ལིང་གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཞ་དང་ལིས་ཞའོ་ཉིག ནན་ཧའེ་ཡན། ཀྲང་ཨའེ་ཧུང་བཅས་ཚོགས་འདུར་ཞུགས།

ཁྲིན་རོས་ཧྥུན་གྱིས་བླང་བྱ་བཏོན་དོན། གཅིག་ནས་ཞིབ་འཇུག་དང་བརྡར་ཤ་ཡང་དག་གཅོད་པ་དང་། ཉེན་ཁ་མཐིལ་རྟོགས་བྱེད་པ། འབྱུང་རྩ་མཐིལ་རྟོགས་བྱེད་པ། རིམས་ནད་འགོག་སྡོམ་བྱ་བ་ཡག་པོར་སྒྲུབ་པ་བཅས་ཀྱི་དམིགས་འབེན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས།  གཉིས་ནས་ཁུལ་གསུམ་གྱི་དབྱེ་མཚམས་ཚན་རིག་དང་མཐུན་པར་བྱས་ཏེ། ས་ཁོངས་མི་འདྲ་བའི་ཉེན་ཁའི་ཚད་གཞི་ལ་དམིགས་ནས། བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་བཅས་གནད་དུ་འཁེལ་བའི་ངང་ནས་དབྱེ་དགོས། གསུམ་ནས་ཉིང་སྐྱུར་བརྟག་འཇལ་གྱི་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་སྟེ། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ལོག་མཁན་གྱི་ཁྱབ་སྟངས་ལ་གཞིགས་ཏེ། ཁྱོན་ཡོངས་ལ་ཁྱབ་པའི་ཉིང་སྐྱུར་བཤེར་འཇལ་བྱས་ནས། འགོ་ཁུངས་ནས་རང་བཤེར་ནན་མོ་བྱ་རྒྱུ་ཁྱབ་བརྡལ་དུ་བཏང་སྟེ། ཞིབ་བཤེར་བྱེད་དགོས་ངེས་ཀྱི་རིགས་ཚང་མར་ཞིབ་བཤེར་བྱེད་པར་འགན་ལེན་བྱེད་དགོས། བཞི་ནས་གཙང་བཤེར་ལས་དོན་སྔར་ལས་ཞིབ་ཚགས་སུ་བཏང་སྟེ། ས་ཆ་གཞན་ནས་ཕྱིར་ཟི་ལིང་དུ་ཡོང་མཁན་གྱི་གཙང་བཤེར་ལས་དོན་དང་བདེ་ཐང་དོ་དམ་ལས་དོན་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་ནས། ས་ཁུལ་དང་མི་གཅིག་ཀྱང་མ་ལུས་པའི་སྒོ་ནས་གཙང་བཤེར་བྱེད་དགོས། ལྔ་ནས་སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་གྱི་རིམ་པ་སྔར་ལས་མཐོར་འདེགས་བཏང་ནས། འགྲོ་འོང་མི་སྣ་དང་རླངས་འཁོར་གྱི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་པ་དང་། སྡེ་ཁུལ་གྱི་ཐོ་འགོད་སྙན་ཞུའི་ལས་དོན་སྔར་ལས་ཇེ་དམ་དུ་གཏོང་བ། རྩ་གཉིས་ཨང་བཤེར་དོན་འཁྱོལ་བཅས་བྱས་ནས་འགོག་སྲུང་འཛིང་རགས་དང་པོ་ཡག་པོར་སྲུང་དགོས། དྲུག་ནས་རྒྱུན་རྣམ་གྱི་འགོག་སྡོམ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སློབ་གསོ་དོ་དམ་ལ་ཤུགས་སྣོན་པ་དང་། རང་གཅུན་རང་རྟོགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་ཐུན་མོང་གི་སྔོན་འགོག་ཚོད་འཛིན་མ་ལག་བརྟན་པོ་འཛུགས་དགོས། བདུན་ནས་ཕྱི་འགོག་འགག་སྒོ་ནན་མོ་བཟོས་ནས་གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས། གཞུང་ལམ་སོགས་ཕྱི་འགོག་འགག་སྒོ་དོ་དམ་ལ་ཤུགས་བསྣན་ནས། འགོག་སྡོམ་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་བདེ་འཇགས་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་དགོས། བརྒྱད་ནས་ལོགས་བཀར་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ། མི་ཆོས་སེམས་ཁུར་གང་ལེགས་ཀྱིས་མཚོན་པ་བཅས་བྱས་ཏེ། ལོགས་བཀར་གྱི་མི་ལ་རང་འགུལ་ངང་གཞོགས་འདེགས་བྱས་ནས་ལས་དོན་ཡག་པོ་སྒྲུབ་ཏུ་འཇུག་དགོས་པ་བཅས་ཡིན།

གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྫོང་དང་ཆུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།