ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་དཔེ་རྙིང་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ལེགས་པོར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཁ་ཤས་ཁྲིད་དེ། མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྐྱོད་ནས་དཔེ་རྙིང་སྲུང་སྐྱོབ་ལས་དོན་ལ་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་མཉམ་དུ་རྟོག་ཞིབ་ལ་བསྐྱོད། 

མགོན་པོ་བཀྲ་ཤིས་འཁོར་དང་བཅས་པས་སྔ་རྗེས་སུ་དམིགས་བསལ་མཛོད་ཁང་དང་དཔེ་རྙིང་དཔེ་ཀློག་ཁང་སོགས་སུ་ལྟ་སྐོར་བྱས་ཏེ། ཁྱད་ལྡན་མཛོད་ཁང་གི་ཐོན་ཁུངས་གྲུབ་ཚུལ་དང་། བསྡུ་ཉར། དག་སྒྲིག་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། དཔེ་རྙིང་དཔེ་མཛོད་ཀྱི་མེ་ཟོན་དང་། བརླན་གཤེར་གྱི་ཚོད་འཛིན། སྲུང་སྐྱོབ། དོ་དམ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ངང་འདྲི་རྟོག་བྱས་པར་མ་ཟད། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་དཔེ་རྙིང་རྩ་ཆེན་སྲུང་སྐྱོབ་བསྡུ་ཉར་དང་། དཔེ་རྙིང་ཆེད་ལས་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་མི་རིགས་སློབ་ཆེན་ནི་ལོ་རྒྱུས་རིང་ཞིང་། རིག་གནས་ཀྱི་རྫོང་མཐུག་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། ལོ་མང་པོའི་སློབ་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད། ལས་རིགས་དང་ཆེད་ལས་སོ་སོའི་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་འཇོན་མི་རབ་དང་རིམ་པ་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག སློབ་གྲྭའི་ཏང་ཨུས་དཔེ་རྙིང་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་པར་ཁྱད་ཆོས་གསལ་ཞིང་གྲུབ་འབྲས་འབུར་དུ་ཐོན་འདུག དཔེ་རྙིང་ཡིག་ཆ་བསྡུ་ཉར་དང་། དག་སྒྲིག སྲུང་སྐྱོབ། སྔོག་འདོན། བེད་སྤྱོད་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་བརྟན་ཐོག་སྐུལ་འདེད་བཏང་སྟེ། དཔེ་རྙིང་ཡིག་ཆའི་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་དམིགས་བསལ་ནུས་པ་ལེགས་པར་བཏོན་ཡོད། 

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་གསུང་དོན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་རྙིང་ཁང་གི་ཡིག་ཆ་རྩ་ཆེན་གྱི་ཐོན་ཁུངས་ལ་སྲོལ་རྒྱུན་རིག་གནས་ཞིབ་འཇུག་དང་། སྲུང་སྐྱོབ། རྒྱུད་འཛིན་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། མཚོ་སྔོན་གྱི་རིག་གནས་ཀྱི་རིན་ཆེན་ནོར་བུ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན་པས། དེས་ལོ་རྒྱུས་དཔལ་ཡོན་གྱི་ཟུངས་བཟུང་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་བསྲིངས་ཡོད། སློབ་གྲྭའི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་བླང་བྱ་ནན་ཏན་གྱིས་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་པའི་སྒོ་ནས། དཔེ་རྙིང་ཁང་གི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ། བེད་སྤྱོད་ལེགས་པོ་བྱེད་པ་དང་། མཐོང་རྒྱ་གསར་པ་འབྱེད་པ། བགྲོད་ལམ་གསར་པ་གཏོད་པ། ཐབས་ལམ་གསར་པ་འཚོལ་བ། དཔེ་རྙིང་ལ་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་དམིགས་ནས་ཤུགས་འདོན་པ། དཔེ་རྙིང་བེད་སྤྱོད་ལེགས་པོ་བྱེད་པའི་ཐད་ཤུགས་བསྣན་ནས། ཀྲུང་ཧྭའི་རིག་གནས་ཀྱི་གཟི་བྱིན་ཤུགས་ཆེན་པོས་མངོན་པར་བྱེད་དགོས། དཔེ་རྙིང་ཡིག་ཆའི་རིག་གནས་རིན་ཐང་དང་སྤྱི་ཚོགས་ཞབས་ཞུ་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་པ་དང་། དགེ་རྒན་དང་སློབ་མ་རྒྱུན་པར་དཔེ་མཛོད་ཁང་གི་དམིགས་དཔེ་ཉར་ཁང་དང་དཔེ་རྙིང་དཔེ་ཀློག་ཁང་དུ་སློབ་སྦྱོང་དང་ཞིབ་འཇུག་ཏུ་ཡོང་བར་སྐུལ་མ་བྱེད་པ། སློབ་ཁྲིད་ལག་ལེན་བྱ་འགུལ་སྤེལ་བ་སོགས་བྱས་ཏེ། དགེ་སློབ་སྔར་ལས་མང་པོར་མཛོད་ཉར་དཔེ་རྙིང་ལ་ལྟ་ཀློག་ཞིབ་འཇུག་བརྒྱུད། ཀྲུང་ཧྭའི་གནའ་བོའི་གསུང་རབ་ཀྱི་གཟི་བྱིན་ཚོར་དུ་འཇུག་པ་དང་། དཔེ་རྙིང་གི་ནང་དོན་ངེས་པ་དོན་གྱིས་དེང་རབས་ན་གཞོན་གྱི་རྒྱུད་ལ་རྩ་བ་ཟུག་ཏུ་བཅུག་སྟེ། སྔར་ལས་ལྷག་པར་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།