ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་འདུས་འདྲིལ་གཅོང་ནད་ཐོན་ཚད་མར་ཆག་པ་དང་ནད་པ་གཙོ་བོ་གཞོན་ནུ་དང་དར་མར་གྱུར་ཡོད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་གློ་བའི་འདུས་འདྲིལ་གཅོང་ནད་ཐོན་ཚད་མང་བའི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། མིག་སྔར་ཐོ་བཀོད་བྱས་པའི་འདུས་འདྲིལ་གཅོང་ནད་ཕོག་མཁན་ཁྲོད་ཀྱི80%ཡན་ནི་ཞིང་འབྲོག་པ་ཡིན་པ་དང་། གཞོན་ནུ་དང་དར་མ་གཙོ་བོར་གྱུར་ཡོད། 2021ལོར་ཞིང་ཆེན་ཡོངས་སུ་སྨན་ཡོན་མི་དགོས་པར་གློ་བའི་འདུས་འདྲིལ་ནད་པ20978ལ་བརྟག་དཔྱད་བྱས་པ་དང་། གློ་བའི་འདུས་འདྲིལ་ནད་པ5066སྙན་ཞུ་བྱས་ཤིང་། ནད་གཞི་ཐོན་ཚད་ཁྲི83/10ཟིན་ལ། སྨན་བཅོས་ཐུབ་ཚད་96%ཟིན་ཡོད། ཉེན་ཆེའི་མི་ཚོགས་ཀྱི་སྨན་དྲེད་གསེད་འདམ་བརྟག་དཔྱད་བྱེད་ཚད97%ཟིན་པ་རེད། ནད་གཞི་ཕོག་ཚད་ལོ་གསུམ་ལ་བསྟུད་མར་ཆག་པས་འགོག་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། འདུས་འདྲིལ་གཅོང་ནད་ཀྱིས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་གནོད་འཚེ་ཇེ་ཆུང་དུ་གཏོང་གང་ཐུབ་བྱས། དེའི་ནང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། འདུས་འདྲིལ་གཅོང་ནད་ཚོད་འཛིན་ཐབས་ཇུས་ལ་ཤུགས་སྣོན་བརྒྱབ་པ་དང་། འདུས་འདྲིལ་གཅོང་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་གནས་ངེས་སྨན་ཁང་། གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་དང་དེ་བཞིན་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞིར་བྱས་པའི་ཕྱོགས་བསྡུས་འགོག་བཅོས་ཀྱི་ཞབས་ཞུའི་མ་ལག་བཙུགས་ཏེ། སྲིད་གཞུང་གིས་མཐོང་ཆེན་དང་ལས་ཁུངས་དབར་གཞོགས་འདེགས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་འགོག་བཅོས་ལས་དོན་གྱི་ལམ་སྲོལ་ཁྱོན་ཡོངས་ནས་ཆགས་ཡོད། དང་བླངས་པ་མང་པོས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ་ཁྱབ་སྤེལ་བྱེད་པའི་བྱ་སྤྱོད་གཏིང་ཟབ་དུ་སྤེལ་བ་དང་། དྲིལ་སྒྲོག་བྱེད་སྒོ་གཅིག་བསྡུས་ཀྱིས་སྤེལ་ཏེ། འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ་དེ་སློབ་གྲྭ་འབྲིང་ཆུང་གི་བདེ་ཐང་སློབ་གསོའི་ནང་དོན་དུ་བཅུག་ཡོད། ནད་པའི་ཚད་ལྡན་དོ་དམ་དང་། ཚད་ལྡན་སྨན་བཅོས། སྨན་བཅོས་ལེགས་འགྲུབ་བཅས་ལ་ཤུགས་བསྣན་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་གློ་གཅོང་གི་དོགས་གཞི་ཡོད་པའི་ནད་པར་གྲལ་བཤེར་བྱེད་པར་ཤུགས་བསྣན་ཡོད། རིམ་པ་སོ་སོའི་གློ་བའི་འདུས་འདྲིལ་ནད་ཀྱི་དམིགས་བཙུགས་སྨན་ཁང་གིས་གློ་གཅོང་ནད་པར་ཚད་ལྡན་སྨན་བཅོས་བྱས་ཤིང་། སློབ་མ་གསར་བའི་སློབ་ཞུགས་ཀྱི་ལུས་ཕུང་བརྟག་དཔྱད་ཀྱི་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གློ་གཅོང་གི་ནད་ཕོག་མཁན་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་ལ་སྨན་བཅོས་དང་དོ་དམ་བྱ་བར་ཤུགས་སྣོན་བྱས།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་པའི་རྨང་གཞིའི་སྟེང་། རོང་འབྲོག་ཁུལ་གྱི་འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་བྱེད་མཁན་མི་ཚོགས་ཁྲོད་དུ་ནད་པ་ཤེས་རྟོགས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་མི་ཚོགས(སློབ་མ་དང་ལོ65དང་དེ་ཡན་གྱི་རྒན་རྒོན། གཅིན་སྙི་ཟ་ཁུའི་ནད་པ། ཨེ་ཙིའི་ནད་པ)དང་གཙོ་གནད་ཚོགས་རའི(འཁོར་རྒྱུག་མི་སྣ་འདུ་འཛོམས་བྱེད་ས)འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།