ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་མགོ་ལོག་ཁུལ་དང་མཚོ་བྱང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་དམངས་འཚོའི་ཆུ་བེད་ལས་གཞི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ལི་ཏུའུ་ཆུས་སོགས་ལ་ཕྱིན་ནས་དམངས་འཚོའི་ཆུ་བེད་ལས་གཞི་འཛུགས་སྐྲུན་དང་། ཞིང་ཁའི་ཆ་ཚང་བའ་སྒྲིག་ཆས་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་། ཡུལ་དངོས་སུ་ཆུ་བེད་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྐུལ་གནང་།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆུ་བོ་བཞི་དང་ཐག་གཅོད་བཞིའི”སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། གཅིག་གྱུར་འཆར་འགོད་དང་གཙོ་གནད་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་། འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། ལེགས་འགྲུབ་བྱུང་བའི་བཟོ་སྐྲུན་ཕན་འབྲས་འདོན་སྤྲོད་ལེགས་པོ་བྱེད་དགོས། མིག་སྔར་ལ་རྐང་འཛུགས་པ་དང་། མིག་རྒྱང་ཇེ་རིང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། ཐོན་ལས་བདེ་འཇགས་སོགས་ལ་དམ་དུ་དམིགས་ནས་གཙོ་གནད་ཆུ་བེད་བཟོ་སྐྲུན་འཆར་འགོད་བྱས་ཏེ། ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་བེད་བཟོ་སྐྲུན་འགྲུབ་ལ་ཉེ་བས། བྱ་བའི་གཙོ་གནད་དེ་བཟོ་སྐྲུན་གལ་ཆེན་གྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱེད་པར་བསྒྱུར་བ་དང་།  ཆུ་ལག་གཙོ་བོའི་ཆུ་རྐའི་བཀོད་པར་དམིགས་ནས་ཚད་གཞི་མཐོ་བའི་ཞིང་ས་དང་ཞིང་ཁའི་ཆ་ཚང་བའི་སྒྲིག་ཆས་ཀྱི་ཆུ་བེད་མཁོ་ཆས་རྣམ་གྲངས་ལག་བསྟར་བྱེད་པ། ཆུ་རྐའི་རྒྱ་ཁྱོན་ཇེ་ཆེར་བཏང་ནས། འབྲུ་རིགས་བདེ་འཇགས་འགན་ལེན་ལ་རྨང་གཞི་བརྟན་པོ་འདིང་དགོས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ནི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་ཕན་ཁེ་ཐོབ་གནས་ཡིན་པའི་ཆ་ནས། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞིའི་མཐུན་སྦྱོར་ལ་རང་འགུལ་གྱིས་ཞིབ་འཇུག་བྱས་ཏེ། སྐམ་ས་བརླན་སར་བསྒྱུར་བའི་བརྒྱུད་རིམ་དེ་ལོ་ཏོག་འདེབས་པའི་སྒྲིག་གཞི་ལེགས་བསྒྱུར་དང་། ཐོན་ལས་སྣ་གཅིག་ཅན་དང་ཕན་འབྲས་བརྒྱུད་རིམ་ཇེ་མཐོར་གཏོང་བའི་སྣེ་ཁྲིད་དུ་བསྒྱུར་བར་བྱེད་དགོས། ལས་གཞིའི་ཕན་ཁེ་ས་ཁུལ་གྱི་ནགས་ལས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ནས། ནགས་ལས་དཔལ་འབྱོར་འཕེལ་རྒྱས་ཁྱབ་སྤེལ་དང་། ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱེད་དགོས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བའི་དག་ཐེར་རྣམ་གྲངས་དང་འབྲེལ་ཡོད་པས། རང་བྱུང་ཁམས་ལ་བརྩི་བཀུར་དང་། ཚན་རིག་ལ་བརྩི་བཀུར་བྱས་ཏེ། གཏན་འབེབས་བྱས་པའི་བཅོས་སྐྱོང་ཇུས་གཞི་ལག་བསྟར་དམ་འཛིན་གྱིས་རྣམ་པ་ཐོག་མ་དུས་ལྟར་སླར་གསོ་བྱེད་དགོས། ནུབ་མཚོ་གྲོང་རྡལ་དང་ཧའེ་ཡན་རྫོང་གི་ཆུ་འདོན་གཙོ་ལག་ཆུ་ཁུངས་བཟོ་སྐྲུན་གྱི་འཛུགས་སྐྲུན་ཧ་ཅང་གལ་ཆེ་བས། དུས་སྐབས་སྔོན་མའི་བྱ་བར་དམ་འཛིན་ནན་མོ་དང་། མ་དངུལ་གྲབས་གསོག་ཇུས་གཞིར་ཞིབ་འཇུག་བྱས་ནས། སྔ་མོ་ནས་ལས་གཞི་མགོ་རྩོམ་པར་ཆ་རྐྱེན་གང་ལེགས་བསྐྲུན་དགོས་པར་བརྗོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།