ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས《འཆར་འགོད》དཔར་འགྲེམ་བྱས་ཏེ་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུས་ཡོད)དཔར་འགྲེམ་བྱས།《འཆར་འགོད》ནང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་འཐུས་སྒོ་ཚང་བའི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་པ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགན་ལེན་བཟང་པོ་བྱེད་པ། སྨན་བཅོས་ཞབས་ཞུའི་འདེགས་སྐྱོར་མ་ལག་འཛུགས་པར་ཤུགས་སྣོན་པ་བཅས་ལ་འཆར་འགོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཐུས་སྒོ་ཚང་བའི་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་བསྐྲུན་རྒྱུ་རེད།

《འཆར་འགོད》ནང2025ལོ་དང2035ལོར་བསླེབ་སྐབས་ཀྱི་འཕེལ་རྒྱས་དམིགས་ཚད་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས་འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་པའི་ནང་ནད་ཡམས་འགོག་སྡོམ་དང་། འཕྲལ་བསྟུན་སྨན་བཅོས་སྐྱོབ་བཅོས། འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཞབས་ཞུ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་བཅས་ཕྱོགས5ཡི་ཐད་ཞིབ་ཕྲའི་དམིགས་ཚད18ཚུད་ཡོད་པ་དང་། ཕྱོགས་ཡོངས་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་མི་དམངས་ཀྱི་བདེ་ཐང་དགོས་མཁོར་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

འཆར་འགོད》ནང་ལས་འགན་བདེ་བླག་ངང་སྤེལ་བར་འགན་ལེན་དང་། རྣམ་གྲངས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན། ཆེད་བསྒྲིགས་ལེ་ཚན8བཟོས་པའི་ནང་རིམས་ནད་འགོག་སྡོམ་མ་ལག་འཛུགས་སྐྲུན་དང་། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་བསྟུན་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་འཛུགས་སྐྱོང་། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགན་ལེན། བསམ་པའི་འཕྲོད་བསྟེན་དང་ལས་རིགས་ཀྱི་བདེ་ཐང་འགན་ལེན། འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། ཚན་རྩལ་གསར་གཏོད། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་གཞི་གལ་ཆེན8ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།