ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་དཔེ་མཚོན་གྱོད་དོན་བཅུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ནུབ་མཚོ་གྲོང་ཁྱེར་ཚགས་པར།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས2021ལོའི་འཛད་སྤྱོད་དབང་སྲུང་དཔེ་མཚོན་གྱོད་དོན་ཁྱབ་བསྒྲགས་བྱས་པ་དང་། དེ་དག་ཟས་རིགས་བདེ་འཇགས་དང་ཐོན་རྫས་སྤུས་ཚད། རིན་གོང་མགོ་སྐོར། བརྡ་ཁྱབ་རྫུན་མ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད།

གྱོད་དཔེ་དང་པོ།

གློག་རིན་མང་ཙམ་བསྡུ་བ་དེ་འོས་འཚམ་མིན་པས་ཁྲིམས་ལྟར་སྒོར་ཁྲི་བརྒྱ་ལྷག་ཙམ་ཕྱིར་སློག་པ།

2021ལོའི་ཟླ3པའི་ཚེས12ཉིན། མང་ཚོགས་ཀྱི་ཐེར་འདོན་ལྟར། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་སྡེ་ལས་ཀུང་སི་ག་གེ་མོ་ཞིག་གིས་གློག་ཤུགས་བརྒྱུད་གཏོང་ལྷུ་ཚིགས་སུ་གློག་རིན་ཚབ་ལེན་གྱི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་སྐབས། 2018ལོའི་ཟླ5པ་ནས2020ལོའི་ཟླ12པའི་བར་སྡེ་ལས་ཀུང་སི་དེས་གློག་བརྒྱུད་གཏོང་བྱེད་མཁན་གྱི་གནས་བབ་ལ་བརྟེན་ནས་གློག་རིན་སྒོར4035732བླངས་པ་དང་། གློག་འདོན་ཀུང་སིར་སྤྲད་པའི་གློག་རིན་བསྡོམས་འབོར་སྒོར2792530.09(སྤྱི་པའི་སྒྲིག་ཆས་ཀྱི་གློག་སྤྱོད་དང་གློག་རིན་ཟད་གྲོན)ཡིན་པས། བསྡོམས་པས་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་ལྷག་མ་སྒོར1243201.91བསྡུ་ལེན་བྱས།

སྡེ་ལས་ཀུང་སིའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས》གཞིར་བཟུང་། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྡེ་ལས་ཀུང་སིའི་ཁྲིམས་འགལ་བྱ་སྤྱོད་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ། སྡེ་ལས་ཀུང་སིར་དུས་བཀག་ནང་འཛད་སྤྱོད་པར་གློག་རིན་སྒོར་ཁྲི124.32སློག་དགོས་པའི་བཀའ་ཁྱབ་བཏང་བ་རེད།

གྱོད་དཔེ་གཉིས་པ།

ཆང་རྫུན་མ་བཙོང་ནས་འབྲས་ངན་ཧམ་ལེན་བྱས་པ།

2021ལོའི་ཟླ2པའི་ཚེས་5ཉིན། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་འཛད་སྤྱོད་པ་ཁྲེན་ཆེ་གེ་མོའི་ཐེར་འདོན་ཡི་གེ་འབྱོར་བ་དང་། མཁར་དཀྱིལ་ཆུས་ཀྱི་སྒོ་རྩིས་ཚོང་ཁང་ཞིག་གིས་ཕྱིར་ཚོང་བྱས་པའི“ཝུའུ་ལེའང་ཁྲུན”རྟགས་ཅན་གྱི་ཆང་དཀར་དེ་ཆང་རྫུན་མ་ཡིན་པ་དང་། ད་དུང་ཉོ་སྒྲུབ་བྱས་པའི“ཝུའུ་ལེའང་ཁྲུན”ཆང་དཀར་ཤེལ་དམ་གཅིག་མཁོ་འདོན་བྱས་ནས་གསལ་འབྱེད་བྱ་རྒྱུའི་རེ་བ་བཏོན་པ་མ་ཟད། སྐྱིན་ཚབ་སྤྲོད་དགོས་པའི་བླང་བྱའང་བཏོན་པ་རེད། མཁར་དཀྱིལ་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དབྱི་པིན་ཝུའུ་ལེང་ཡེ་ཚོགས་པ་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས། འཛད་སྤྱོད་པས་ཉོས་པའི“ཝུའུ་ལེའང་ཁྲུན”གྱི་ཆང་དཀང་དེར་གསལ་འབྱེད་བྱས་ཤིང་། གསལ་འབྱེད་བྱས་པ་བརྒྱུད་སྒོ་རྩིས་ཚོང་ཁང་དེས་ཕྱིར་འཚོང་བྱས་པའི“ཝུའུ་ལེའང་ཁྲུན”རྟགས་ཅན་གྱི་ཆང་དཀར་དེ་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་ཡིན་པ་གཏན་འཁེལ་བྱས་པ་དང་། ཁྲིམས་འཛིན་མི་སྣས་སྒོ་རྩིས་ཚོང་ཁང་དེ་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་པ་རེད།

སྒོ་རྩིས་ཚོང་ཁང་གི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་། མཁར་དཀྱིལ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་དོ་བདག་ལ་འབྲེལ་ཡོད་སྲིད་འཛིན་ཆད་པ་བཅད་པ་རེད། ཚོང་གཉེར་བྱེད་མཁན་གྱིས་འཛད་སྤྱོད་པར་གུན་གསབ་ལྡབ10སྤྲད་པ་མ་ཟད། འབྲེལ་ཡོད་འགྲོ་གྲོན་ཡང་བཏང་ཞིང་། ཁྱོན་བསྡོམས་སྐྱིན་ཚབ་སྒོར4830འཇལ་ཡོད།

གྱོད་དཔེ་གསུམ་པ།

བྱིས་པ་པྲ་ཆལ་ཞིག་གིས་རང་འདོད་ཀྱིས་ལག་ཁྱེར་ཁ་པར་ཉོས་པས་སྦྱིན་བདག་གིས་སྒོར1899ཕྱིར་སློག་བྱས།

2021ལོའི་ཟླ11པའི་ཚེས15ཉིན། འཛད་སྤྱོད་པ་ཁྲེན་ཆེ་གེ་མོས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་བྱས་པ་དང་། ལོ13ལ་སླེབས་པའི་བྱིས་པས་ཁྱིམ་མིར་སྦ་གསང་བྱས་ཏེ་རང་འདོད་ཀྱིས་སྟོང་སྐོར་གྱི་ལག་འཁྱེར་ཁ་པར་ཉམས་ལེན་ཚོང་ཁང་ཞིག་ཏུ་རིན་ཐང་སྒོར1899ཡི་ལག་འཁྱེར་ཁ་པར་ཞིག་ཉོས་ཤིང་། འཛད་སྤྱོད་པས་ཚོང་པ་བཙལ་ཏེ་སྒོར་དངུལ་ཕྱིར་སློག་བྱེད་དགོས་པའི་གྲོས་མོལ་བྱས་ཀྱང་འབྲས་བུ་གང་ཡང་མ་བྱུང་།

སྟོང་སྐོར་རྫོང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཞུ་གཏུག་བྱས་པའི་གནས་ཚུལ་དོན་དངོས་དང་མཐུན་པ་ཤེས། ལས་དོན་མི་སྣས་ཕྱོགས་གཉིས་བར་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་བྱེད་རིང་ཚོང་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ལས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཤེས་བྱ་ཁྱབ་གདལ་བཏང་། བར་འདུམ་བྱས་པ་བརྒྱུད་ཚོང་པས་སྒོར་དངུལ་ཕྱིར་སློག་པར་མོས་མཐུན་བྱུང་།

གྱོད་དཔེ་བཞི་པ།

སྤུས་ཚད་གནད་དོན་ནི་དོན་ཆུང་མིན། གཟན་རྩྭའི་ནང་རྡོ་སྲེག་བསྲེས་མི་རུང་། 

2020ལོའི་ཟླ9པར། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲེང་ཀོན་གྲོང་རྡལ་གྱི་པའེ་ཆེ་གེ་མོས་མཱ་ཆེ་གེ་མོས་གཉེར་སྐྱོང་བྱེད་པའི་གཟན་ཆས་ཚོང་ཁང་ནས་མ་རྨོས་ལོ་ཏོག་གི་གཟན་ཆས་ཉོས་པ་དང་། ཁྱིམ་གྱི་བཞོན་མས་གཟན་ཆས་དེ་བཟས་རྗེས་ན་ཚ་བྱུང་ལ། པའེ་ཆེ་གེ་མོས་འབྲེལ་ཡོད་སྡེ་ཚན་གདན་དྲངས་ནས་ལྕི་བ་ལ་རྫས་འགྱུར་བརྟག་དཔྱད་བྱས་མཐར་ལྕི་བའི་ནང་བྱེ་མ་ཚུད་ཡོད་པ་ཤེས། 2021ལོའི་ཟླ1པོའི་ཚེས21ཉིན། པའེ་ཆེ་གེ་མོས་ཏ་ཐུང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཁྲེང་ཀོན་གྲོང་རྡལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་ལ་ཞུ་གཏུག་བརྒྱབ་ནས། མཱ་ཆེ་གེ་མོས་ཕྱིར་འཚོང་བྱས་པའི་གཟན་ཆས་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུའི་རེ་བ་བཏོན།

ཞིབ་བཤེར་བྱས་པ་བརྒྱུད། མཱ་ཆེ་གེ་མོས་གཉེར་སྐྱོང་བྱེད་པའི་གཟན་ཆས་ལ་སྤུས་ཚད་ཀྱི་གནད་དོན་ཡོད་པ་རྟོགས་ལ། འདུམ་འགྲིག་བྱས་པ་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《གཟན་ཆས་དང་གཟན་ཆས་ཀྱི་སྦྱོར་རྟ་དོ་དམ་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། མཱ་ཆེ་གེ་མོས་འཛད་སྤྱོད་པར་གུན་གསབ་སྒོར1100བྱས་པ་དང་། གཟན་ཆས་ཀྱི་རིན་པ་སྒོར2553ཕྱིར་སློག་བྱས་པས། པའེ་ཆེ་གེ་མོས་ཐག་གཅོད་བྱས་འབྲས་ལ་བློ་ཡིད་ཚིམ་པ་རེད། གཟན་ཆས་ཀྱི་སྤུས་ཀའི་གནད་དོན་ལ་གཞན་དུ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།

གྱོད་དཔེ་ལྔ་པ།

གསལ་བཀོད་རིན་གོང་ལས་མཐོ་བར་ཕྱིར་འཚོང་བྱས་པས་ལྡབ་གསུམ་གྱི་དངུལ་ཆད་བཅད།

2021ལོའི་ཟླ་དང་པོར་ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་རིན་གོང་ཞིབ་བཤེར་མི་སྣས་སྒོ་རྩིས་ཚོང་ཁང་ག་གེ་མོ་ཞིག་ཏུ་ཞིབ་བཤེར་བྱེད་སྐབས། སྒོ་རྩིས་ཚོང་ཁང་གི་སོས་ཉར་སྒམ་གྱི་སུར་པན་དམར་པོའི་རིན་གོང་ནི་རྒྱ་མ་རེར་སྒོར8.00དང་སོས་ཉར་སྒམ་གྱི་སུར་པན་སྔོན་པོའི་རིན་གོང་ནི་རྒྱ་མ་རེར་སྒོར8.00ཡིན་པའི་རིན་གོང་གསལ་འགོད་བྱས་ཡོད་མོད། འོན་ཀྱང་འཛད་སྤྱོད་པས་བསྡོམས་རྩིས་རྒྱག་སྐབས་སྒོ་རྩིས་ཚོང་ཁང་གིས་སུར་པན་དམར་པོར་རྒྱ་མ་རེར་སྒོར13.00དང་སུར་པན་སྔོན་པོར་རྒྱ་མ་རེར་སྒོར15.00ལྟར་མཇུག་རྩིས་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་གི་གཏན་འབེབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྒོ་རྩིས་ཚོང་ཁང་དེར་ཁྲིམས་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ3གྱི་དངུལ་ཆད་གཅོད་པའི་སྲིད་འཛིན་ཆད་པ་བཅད།

གྱོད་དཔེ་དྲུག་པ།

དྲིལ་བསྒྲགས་རྫུན་མར་ཡིད་ཆེས་མི་རུང་། ཟླ་གསུམ་གྱི་རྗེས་བཞིན་ལས་ལ་ཕན་འབྲས་མ་ཐོན།

2021ལོའི་ཟླ6པའི་ཚེས5ཉིན། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ལ་འཛད་སྤྱོད་པ་ཀྲང་ཆེ་གེ་མོའི་ཞུ་གཏུག་འབྱོར་བ་དང་། 2020ལོའི་ཟླ6པ་ནས་ཟླ11པའི་བར། ཀྲང་ཆེ་གེ་མོས་མཁར་ནུབ་ཆུས་བཞིན་ལས་གཟུགས་མཛེས་ལྟེ་གནས་ཤིག་ཏུ་ཚོང་པས་བཤད་པའི་མཛེས་བཟོའི་ཞབས་ཞུ་དང་ལེན་བྱས་ནས་སྔ་རྗེས་སུ་སྒོར་ཁྲི18སྤྲད་པ་རེད། མཛེས་བཟོའི་ཞབས་ཞུ་ཐེངས་ཁ་ཤས་དང་ལེན་བྱས་རྗེས། ཚོང་པས་བཤད་པའི་མཛེས་བཟོའི་ཕན་འབྲས་ཅི་ཡང་མ་ཐོན་པས། ཀྲང་ཆེ་གེ་མོས་ལྷག་མའི་སྒོར་ཁྲི15ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་འབྲས་བུ་ཅི་ཡང་མ་བྱུང་།

ཞུ་གཏུག་འབྱོར་རྗེས། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་དོན་མི་སྣས་ཕྱོགས་གཉིས་བར་འདུམ་འགྲིག་ཐེངས་མང་བྱས་པ་དང་། ཕྱོགས་གཉིས་པོར་དོན་དངོས་སྟོན་པ་དང་།གནས་ལུགས་བཤད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྗོད་པ་བཅས་ཀྱི་ལས་དོན་བསྒྲུབས། མཐར་མཁར་ནུབ་ཆུས་ཀྱི་བཞིན་ལས་གཟུགས་མཛེས་ལྟེ་གནས་དེ་དང་ཀྲང་ག་གེ་མོའི་དབར་མཐུན་འགྲིག་གི་གྲོས་མཐུན་བཞག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གཉེར་སྐྱོང་མཁན་གྱིས་ཀྲང་ཆེ་གེ་མོར་སྒོར་ཁྲི15ཕྱིར་སློག་པར་མོས་མཐུན་བྱུང་།

གྱོད་དཔེ་བདུན་པ།

ཟོ་བའི་འཐུང་ཆུའི་ནང་དུ་དངོས་པོ་གཞན་རྙེད་པས་འཛད་སྤྱོད་པར་སྒོར1000ཐོབ།

2021ལོའི་ཟླ11པའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་འཛད་སྤྱོད་པའི་ཞུ་གཏུག་ཞིག་འབྱོར་བ་སྟེ། འཛད་སྤྱོད་པས་ཉོས་པའི་ཟོ་བའི་འཐུང་ཆུའི་ནང་ལི་སྨི25ཙམ་གྱི་འགྱིག་སྦུག་ཞིག་རྙེད་པ་རེད། ཟོ་བའི་འཐུང་ཆུ་རེའི་རིན་གོང་ནི་སྒོར15ཡིན་པས། ཞུ་གཏུག་བྱེད་མཁན་གྱིས་ལྡབ10ཡིས་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན།

2021ལོའི་ཟླ11པའི་ཚེས22ཉིན། ཁྲིམས་འཛིན་མི་སྣས་གཏེར་ཆུ་བཟོ་གྲྭའི་ཐོན་སྐྱེད་བརྒྱུད་རིམ་དང་དེ་བཞིན་སྒྲིག་ཆས་ལ་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས། ཟོ་བའི་འཐུང་ཆུ་བཟོ་གྲྭའི་སྣོད་ཆས་ཚད་ལྡན་མིན་པའི་བྱ་སྤྱོད་ལ་དམིགས་ཏེ་ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ་བཏང་ནས། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཟོ་བའི་འཐུང་ཆུ་བཟོ་གྲྭས་འཛད་སྤྱོད་པར་སྒོར1000སྐྱིན་ཚབ་སྤྲད་པ་རེད།

གྱོད་དཔེ་བརྒྱད་པ།

ཇ་ལོས་ནད་གཞི་བཅོས་པའི་དྲིལ་བསྒྲགས་རྫུན་མར་ཆད་པ་བཅད།

2021ལོའི་ཟླ3པའི་ཚེས9ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་འཛད་སྤྱོད་པ་ཀན་ཆེ་གེ་མོའི་ཐེར་འདོན་ཡི་གེ་འབྱོར་བ་སྟེ། མདོ་བ་གྲོང་རྡལ་གྱི་ཇ་ཁང་ཞིག་གིས"མགྱོགས་འཕྲིན"སྟེང་ཀླད་རྩ་འགག་པ་དང་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ལ་སྨན་བཅོས་ཀྱི་ནུས་པ་ལྡན་པའི་ཇ་ཕྱིར་འཚོང་བྱས། ཀན་ཆེ་གེ་མོས་ཇ་ཁང་སྦྱིན་བདག་གི་མཚམས་སྦྱོར་འོག ཇ་ལོ་དེ་ཉོས་ཏེ་འཐུང་བ་དང་། ཇ་འཐུང་རྗེས་ནད་གཞི་ཇེ་སྡུག་ཏུ་སོང་བས་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཀྱང་འབྲས་བུ་གང་ཡང་མ་ཐོན།

ཞིབ་བཤེར་བྱས་པ་བརྒྱུད། ཇ་ཁང་གིས“མགྱོགས་འཕྲིན”ལས་སྟེགས་བརྒྱུད། ཕྱིར་འཚོང་བྱས་པའི་ཇ་ལོ་དེར་སྡོད་རྩ་རྒྱས་འཁུམ་དང་ཀླད་རྩ་འགག་པ་སོགས་ཀྱི་ནད་ལ་སྨན་བཅོས་ཀྱི་ནུས་པ་ལྡན་ཞེས་བཤད་པ་དང་། དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི“བཟའ་བཅའི་བརྡ་ཁྱབ་ཀྱི་ནང་དོན་དེ་ནད་ཡམས་སྔོན་འགོག་དང་སྨན་བཅོས་ཀྱི་ནུས་པ་དང་འབྲེལ་མི་རུང”ཞེས་པའི་གཏན་འབེབས་ལས་འགལ་བ་དང་། དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཁྱབ་བཅའ་ཁྲིམས》ཀྱི“བརྡ་ཁྱབ་དེ་རྫུས་མ་བཟོ་བའམ་ཡང་ན་མི་རྣམས་ལ་གོ་ནོར་ཐེབས་སུ་འཇུག་པ་དང་། འཛད་སྤྱོད་པར་གཡོ་ཁྲིད་བྱེད་མི་རུང”ཞེས་པའི་གཏན་འབེབས་དང་འགལ་བས། ཇ་ཁང་གིས་ཀན་ཆེ་གེ་མོར་སྐྱིན་ཚབ་སྒོར7400འཇལ་བ་རེད། ཧོང་ཀྲུང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཇ་ཁང་གི་བརྡ་ཁྱབ་རྫུན་མ་བཟོས་པའི་དོགས་ཡོད་བྱ་སྤྱོད་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས།

གྱོད་དཔེ་དགུ་པ།

“མཐའ་མའི་འགྲེལ་བཤད་དབང་ཆ”བེད་སྤྱོད་ལ་གཟབ་གཟབ་བྱེད་དགོས།

2021ལོའི་ཟླ7པའི་ཚེས14ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཞིན་ཧའེ་ལམ་ཁྲོམ་རའི་ལྟ་སྐུལ་དོ་དམ་སུའོ་ཡི་ཁྲིམས་འཛིན་མི་སྣས་རྨ་ཆུའི་ལམ་གྱི་རྐང་འཁྲུད་ཁང་ཞིག་ཏུ་ཞིབ་བཤེར་བྱེད་སྐབས། “རྐང་འཁྲུད་ཁང་གི་སྤྱི་བསྒྲགས”ཅིག་གི་གཤམ་དུ“མཐའ་མའི་འགྲེལ་བཤད་དབང་ཆ་ངེད་རྐང་འཁྲུད་ཁང་ལ་དབང”ཞེས་གསལ་པོར་བཀོད་པ་མཐོང་།

རྐང་འཁྲུད་ཁང་གི“མཐའ་མའི་འགྲེལ་བཤད་དབང་ཆའི”བེད་སྤྱད་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འབེབས་དང་འགལ་བས། ཞིན་ཧའེ་ལམ་ཚོང་རའི་ལྟ་སྐུལ་དོ་དམ་སུའོ་ཡི་ཁྲིམས་འཛིན་མི་སྣས《འཛད་སྤྱོད་པའི་ཁེ་དབང་ལ་བཙན་གནོད་བཏང་བའི་བྱ་སྤྱོད་ལ་ཉེས་ཆད་གཅོད་ཐབས》གཞིར་བཟུང་དེ་བསྟུན་གྱི་སྲིད་འཛིན་ཆད་པ་བཅད།

གྱོད་དཔེ་བཅུ་པ།

གློག་གནོན་སྒྱུར་ཆས་འབར་གས་བྱུང་ཡང་། ཚོང་པས་རང་ཉེས་གཞན་ལ་དཀྲིས།

2021ལོའི་ཟླ11པར། ཟི་ལིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་འཛད་སྤྱོད་པ་ལི་ཆེ་གེ་མོའི་ཞུ་གཏུག་འབྱོར་བ་སྟེ། 2019ལོའི་ཟླ12པར། ལི་ཆེ་གེ་མོས་མཁར་བྱང་ཆུས་ཁྲའོ་དབྱང་འཕྲུལ་གློག་ཁྲོམ་ར་ནང་གི་ཚོང་ཁང་ཞིག་ཏུ་རིན་གོང་སྒོར་ཁྲི16བྱིན་ནས་གློག་གནོན་སྒྱུར་ཆས་ཤིག་ཉོས་པ་དང་། འགན་བཅོས་དུས་ཡུན་ལོ་གཉིས་རེད། 2021ལོའི་ཟླ11པའི་ཚེས11ཉིན་གློག་གནོན་སྒྱུར་ཆས་འབར་གས་བྱུང་བ་དང་། ལི་ཆེ་གེ་མོས་ཚོང་ཁང་དེར་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་ན་ཡང་། ཚོང་ཁང་སྦྱིན་བདག་གིས“གནད་དོན་དེ་འགན་བཅོས་གསུམ་གྱི་ཁྱབ་ཁོངས་སུ་མི་གཏོགས་པ”རྒྱུ་མཚན་དུ་བྱས་ནས་རང་འགན་གཞན་དཀྲི་བྱས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》གཞིར་བཟུང་། ཟི་ལིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཕྱོགས་གཉིས་སྒྲིག་འཛུགས་བྱས་ཏེ་འདུམ་འགྲིག་བྱས། འདུམ་འགྲིག་བྱས་པ་བརྒྱུད། ཚོང་པས་གློག་གནོན་སྒྱུར་ཆས་བརྗེ་རྒྱུར་མོས་མཐུན་བྱུང་བ་མ་ཟད་སྒྲིག་སྦྱོར་བྱེད་འགན་འཁུར་རྒྱུར་འཐད་པ་བྱུང་། གློག་གནོན་སྒྱུར་ཆས་རྙིང་པ་དེ་ཚོང་པས་བཟོ་གྲྭར་ཐག་གཅོད་བྱེད་པར་བསྐྱལ་བ་དང་། འཛད་སྤྱོད་པ་ལི་ཆེ་གེ་མོས་སྒྲིག་སྦྱོར་གྲོན་དངུལ་སྤྲོད་འགན་འཁུར་བ་རེད། ཕྱོགས་གཉིས་ཀྱིས་འདུམ་འགྲིག་གྲོས་མཐུན་ལ་མིང་རྟགས་བཀོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།