2025ལོར་བསླེབ་དུས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་འབྱུང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། 《རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན2022ལོའི་བྱ་བའི་འཆར་གཞི》དངོས་སུ་དཔར་འགྲེམ་བྱས་ཤིང་། 2025ལོར་བསླེབ་དུས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་བྱ་བ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་རེད།

《རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན2022ལོའི་བྱ་བའི་འཆར་གཞི》ཡིས“མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་མདུན་གྲལ་དུ་བསྐྱོད་པར”སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་བླང་བྱ་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་བ་འཛུགས་སྐྲུན་དང་། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2020ལོ་ནས2022ལོ)》(གཤམ་དུ《ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》)ཕྱོགས་སྟོན་དུ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་སྣང་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཅིག་གྱུར་རིམ་པ་དབྱེ་བའི་དོ་དམ་ལམ་ལུགས་གསར་བ་དང་འཆར་འགོད་ཚད་གཞིའི་མ་ལག་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ནུས་པ་མཐོར་འདེགས་སུ་གཏོང་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ལྔ་ནས། བྱེ་བྲེག་གི་བྱ་བའི་ལས་འགན་ཁག30གཏན་འཁེལ་བྱས་པ་དང་། འགན་འཁྲི་ལས་ཁུངས་གཏན་འཁེལ་གསལ་བོ་བྱས་ཏེ། 2025ལོར་བསླེབ་དུས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏང་།

《ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》ལྟར་ན། 2022ལོར་ཡོངས་སུ་ཁྱབ་པ་དང་རིགས་དབྱེ་ལུགས་མཐུན་ཡིན་པ། བཀོད་སྒྲིག་ཚན་རིག་དང་མཐུན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གི་གནས་སྟངས་གསར་བ་ཐོག་མར་གྲུབ་པ་དང་། གཅིག་གྱུར་དོ་དམ་དང་མཐུན་སྦྱོར་ནུས་མཐོ། ཕྱོགས་མང་མཉམ་ཞུགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་མ་ལག་གསར་བ་འཛུགས་སྐྲུན་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕྱི་ནང་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོའི་འཕེལ་རྒྱས་མཐུན་སྦྱོར་གྱི་རྣམ་པ་གསར་བ་ཐོག་མར་མངོན་པར་སྐུལ་འདེད་གཏོང་རྒྱུ་རེད།

ཐོག་དང་པོར་རང་བྱུང་སྲུང་སྐྱོང་ཁུལ་ཧྲག་བསྡུ་དང་འཐུས་ཚང་དུ་གཏོང་བ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་དངུལ་འགན་སྲུང་ལམ་ལུགས་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་འཚོལ་ཞིབ་བྱེད་པ་བཅས་ཕྱོགས་ལྔ་ནས་དཔེ་སྟོན་གྲུབ་པར་བྱས་ཏེ། རྒྱལ་ཡོངས་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་གྱི་མ་དཔེ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཁུལ་དུ་གྱུར་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།