ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་ཏེ་རྫོང་གི་ཏང་འཛུགས་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་སེམས་ཤུགས་གོང་བུར་བསྒྲིལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་དར་ཆ་ལྷབ་ལྷུབ་བསྐྱོད་ཅིང་བཀྲག་མདངས་རབ་ཏུ་འཚེར། ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས“ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། ཁྱབ་ཁོངས་རྒྱ་བསྐྱེད་པ། བྱེད་ནུས་ཇེ་དྲག་ཏུ་གཏོང་བའི”སྤྱིའི་བླང་བྱ་དང་། ཞིང་ཆེན་ཏང་ཨུའི“རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད”ཀྱི་བཀོད་སྒྲིག་ལྟར། ལོ་ངོ་གཅིག་གི་རིང་ལ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་ཞབས་ཞུ་བྱེད་ནུས་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་པ་དང་། གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་བར་ནུས་པ་ཆེན་པོ་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་གཅིག་ཏུ་བསྡུས།

དགོངས་པ་ལེགས་འཛིན་དང་ངོས་ཟིན་ཇེ་མཐོར་བཏང་སྟེ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ངེས་ཤུགས་ཇེ་དྲག་ཏུ་བཏང་།

ཐུན་ཏེ་རྫོང་གིས་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང“བདུན་གཅིག”སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞུང་ལུགས་སློབ་སྦྱོང་བྱེད་པའི་དཔེ་དེབ་ཀྱི་དཀར་ཆག་ཞིབ་ཐོ་ཁྲོད་བཞག་པ་དང་། “གྲོས་དོན་དང་པོར”གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་བྱེད་པའི་ལམ་ལུགས་དངོས་འབེབས་བྱས་པ་བརྒྱུད། “ཏང་གི་སློབ་གྲྭ+རྫོང་ཏང་གཤིས་སློབ་གསོ་རྟེན་གཞི་དང་རྫོང་ཏང་སྲོལ་སྲིད་གཙང་སློབ་གསོ་རྟེན་གཞི”དང་།“1+2”ཏང་ཡོན་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། སྔོན་ཆད་ཀྱི་སློབ་ཁྲིད་བྱེད་ཐབས་སྣ་གཅིག་རྐྱང་ཅན་དེ་བཅོས་བསྒྱུར་བྱས་ཏེ། ཆེད་མཁས་པས་སློབ་ཁྲིད་དང་ཏང་ཡོན་མགོ་ཁྲིད་འཆད་ཁྲིད་སྟེགས་བུ་སྟེང་འབུད་པ། ལྟ་སྦྱོང་བརྗེ་རེས་བྱེད་པ། ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ། སློབ་ཁྲིད་གློག་བརྙན་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཙོ་འཛིན་གྱི་དགོངས་པ་གསེད་བཀྲོལ་དང་ཏང་གཤིས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་དོན་གཞུང་ལུགས་ཤེས་བྱར་ཤུགས་སྣོན་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐུན་ཏེ་རུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་བྱས།

ཀྲི་པུའུ་དམ་འཛིན་དང་རྨང་གཞི་བརྟན་པོར་བཏང་སྟེ། གཞི་རིམ་རྩ་འཛུགས་ཀྱི་སྣེ་འདྲེན་སྒུལ་ཤུགས་ལ་ནུས་ཤུགས་བསྩལ།

ཐུན་ཏེ་རྫོང་གིས་ཏང་ཀྲི་པུའུ་ཡི“བརྒྱ་ཆའི་བརྒྱ་ཡི་ཚད་གཞིར་སླེབས་པར་སྐུལ་འདེད་དང་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་བའི”དཔྱད་བསྡུར་འཛུགས་སྐུལ་གྱི་རྫོང་རིམ་པའི་སྣོལ་སྦྲེལ་དཔྱད་བསྡུར་ཁྲོད། “ཟུང་བརྒྱ”དཔྱད་བསྡུར་བྱེད་པ་དེ“རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད”ཀྱི་གྲུབ་འབྲས་ཞིབ་བཤེར་བྱེད་པར་བརྩི་བ་རྒྱུན་འཁྱོངས་དང་། རྫོང་ཨུའི་དཔྱད་བསྡུར་ཚན་ཆུང6བཙུགས་ཏེ། “གཅིག་ནས་ཞིབ་བརྗོད་དང་གཉིས་ནས་དྲི་བ་འདྲི་བ། གསུམ་ནས་ཞིབ་བཤེར་བྱེད་པ། བཞི་ནས་གླེང་མོལ་བྱེད་པ། ལྔ་ནས་ལས་འགན་གཏན་འཁེལ་བྱེད་པ”སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། ལས་ཁུངས་སོ་སོ་དང་སྡེ་བ(སྡེ་ཁུལ)། སློབ་གྲྭ སྨན་ཁང་། ཁེ་ལས། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་པ156ལ་སོགས་པའི་ཁྱབ་ཁོངས8ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་དཔྱད་བསྡུར་བྱས་པ་དང་། ཁྱོན་ཡོངས་ནས་བརྟགས་ཤིང་དཔྱད་མཐར། སྔ་རྗེས་སུ་བསམ་འཆར་འདོན་པའི་ཚོགས་འདུ་ཐེངས167ལ་འཚོགས།

2021ལོའི“བདུན་གཅིག”གི་སྔ་རྗེས་སུ། རིག་རྩལ་འཁྲབ་སྟོན་ཆེན་མོ་དང་དམར་པོའི་བསྟོད་གླུ་འགྲན་སྡུར། ཏང་གི་ལོ་རྒྱུས་ཤེས་བྱ་འགྲན་སྡུར། གསར་བརྗེའི་སྙན་ངག་གྱེར་འདོན་འགྲན་སྡུར། ལས་བཟོ་པའི་ལྒང་ལི་འགྲན་སྡུར་སོགས་རིག་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་བྱ་བ་སྒྲུབ་མཁན། སྔོན་ཐོན་ཏང་རྩ་འཛུགས90བཅས་ལ་གཟེངས་བསྟོད་བྱས་པར་མ་ཟད། ཏང་ལོ50ཡན་གྱི་ཏང་ཡོན་རྒན་པར་དྲན་རྟེན་རྟགས་མ98གནང་བ་དང་། ཏང་ཀྲི་པུའུ156ལ“ཏང་གི་འཛུགས་སྐྲུན་གྱི་སྐྱེས་ཐུམ་ཆེན་མོ”བཅས་བྱིན། “སྡེ་བའི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་མཐོར་འདེགས་གཏོང་བའི”འགུལ་སྐྱོད་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། ཏང་ཡོན་གྱི་འཐབ་རྩོད་སྙིང་སྟོབས་མཐོར་འདེགས་གཏོང་བ་དང་འགལ་རྩོད་རྩད་བཤེར་བྱེད་པ། “ནོར་གསུམ”དོ་དམ་ཚད་ལྡན་དུ་གཏོང་བ། སྡེ་བ་རིམ་པའི་ཞབས་ཞུ་ཕན་ནུས་ཇེ་མཐོར་གཏོང་བ། སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་གྲུབ་འབྲས་ལ་དཔྱད་ཞིབ་དངོས་འབེབས་བཅས་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་གོ་གནས་སྤར་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས།

དཔུང་སྡེ་ལེགས་འཛིན་དང་བློ་སྦྱོང་བྱས་ཏེ། ཏང་ཡོན་སློབ་གསོའི་རྩ་འཛུགས་གསོན་ཤུགས་བསླངས།

“སྔོན་ཆད་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལས་གཞན། སྡེ་བའི་ནང་གི་སྤྱིར་བཏང་གི་ཏང་ཡོན་ཕལ་ཆེ་བ་གསོ་སྦྱོང་དུ་ཞུགས་པའི་གོ་སྐབས་ཧ་ཅང་ཕྲ། ད་ལྟ་སྔོན་ཆད་དང་མི་འདྲ་བར་གྲོང་རྡལ་གྱི་ཏང་གི་རེས་སྐོར་སྦྱོང་བརྡར་འཛིན་གྲྭའི་སྟེང་ལོ་རེར་གཅིག་བསྡུས་གསོ་སྦྱོང་བྱེད་པར་མ་ཟད། རྫོང་ཨུའི་ཏང་གི་སློབ་གྲྭ་རུ་ལོ་གསུམ་རེའི་ནང་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་རེར་སྤེལ་གྱིན་ཡོད། དེས་ང་ཚོ་རོང་འབྲོག་པའི་ཏང་ཡོན་ལ་ཏང་གཤིས་བློ་སྦྱོང་བྱེད་པར་རོགས་རམ་ཆེན་པོ་ཐོབ་ཡོད”ཅེས་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་ནང་ཞུགས་པའི་ཐུན་ཏེ་རྫོང་ཐང་རྒན་གྲོང་རྡལ་དུང་དཀར་སྡེ་བའི་ཏང་ཡོན་སྟག་ཐར་རྒྱལ་གྱིས་འདི་ལྟར་བཤད་བྱུང་།

ཐུན་ཏེ་རྫོང་གིས“རྫོང་རིམ་པ་ཡོངས་ཁྱབ་དང་ཞང་གྲོང་མཐིལ་རྟོལ་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། “ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་གཅིག་བསྡུས་རེས་སྐོར་སྦྱོང་བརྡར”དང“ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ནུས་པ་མཐོར་འདེགས་གཏོང་བ”། “རོང་འབྲོག་པའི་ཏང་ཡོན་གྱི་དགུན་དཔྱིད་སྦྱོང་བརྡར”སོགས་ཀྱི་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། དཔུང་སྡེ་ལེགས་འཛིན་དང་བློ་སྦྱོང་བྱེད་པ། སྤུས་ཀ་ཇེ་བཟང་དུ་གཏོང་བ་བརྒྱུད། ཞང་གྲོང་དང་ལས་ཁུངས། སྡེ་བ(སྡེ་ཁུལ) ཁེ་ལས་དང་ལས་དོན་སྡེ་ཁག ཆུང་འབྲིང་སློབ་གྲྭའི་ཁྱབ་ཁོངས་སོ་སོའི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་བསྣན་ཞིང་། ན་ནིང་སྔ་རྗེས་སུ་བརྗོད་དོན་རིགས་མི་འདྲ་བའི་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས12བསྒྲུབས་པ་དང་། རིགས་སོ་སོའི་ཏང་ཡོན་མི་ཐེངས862གསོ་སྦྱོང་བྱས་ལ། ཏང་ཡོན་དཔུང་སྡེའི་ཏང་གཤིས་སྦྱོང་བརྡར་ཇེ་དྲག་ཏུ་བཏང་ནས། ཏང་ཡོན་དཔུང་སྡེའི་སྤྱི་ཡོངས་ཀྱི་བྱང་ཚད་ཇེ་མཐོར་བཏང་།

མགོ་ཁྲིད་ཚན་ཆུང་ལེགས་འཛིན་དང་ཐོན་ལས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་སྐུལ་སྤེལ་ནུས་ཤུགས་གོང་བུར་བསྒྲིལ།

གུར་དཀར་སྡེ་བའི་ཏང་ཀྲི་པུའུ་ཡིས་སྔོན་ཆད་སྡེ་མིའི་ཡོང་སྒོ་ཉུང་བ་དང་རྒྱུ་ནོར་འཕར་བའི་ཐབས་ལམ་ཉག་ཕྲ་བ། རང་སྟེང་གི་ངལ་རྩོལ་རྩལ་ནུས་ཞན་པའི་གནས་བབ་བཅས་ལ་དམིགས་ཏེ། ཏང་ཀྲི་པུའུ་ཡིས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར“སྣེ་འདྲེན”པའི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་རྐང་འཛུགས་པ། ཞིང་ཆེན་ཡོངས་ཀྱི་ནོར་གནག་ཐོན་ལས་སྲིད་ཇུས་རོགས་སྐྱོར་ལེགས་ཆར་བརྟེན་པ་བཅས་བྱས་ནས། རྒྱུད་བཟང་ནོར་གནག་དང་ཤྭ་བའི་ཐོན་ལས་གཙོ་ཁྲིད་བྱེད་པ་དང་། “མཉམ་ལས་ཁང+ཁྱིམ་ཚང་ཕྱུགས་ར+གསོ་སྤེལ་ཁྱིམ་ཆེན”གྱི་ཞིང་ཕྱུགས་ལས་རིགས་ཐོན་ལས་ཅན་མཉམ་འབྲེལ་ཅན་གྱི་ལས་གཉེར་འཕེལ་རྒྱས་དཔེ་དབྱིབས་ཀྱི་བྱེད་ཐབས་སྤྱོད་པ། སྒྲིག་བཀོད་མ་ལག་ཆ་ཚང་སྒྲིག་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། ནོར་གནག་དང་ཤྭ་བའི་ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱིས། རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།

དུས་མཚུངས་སུ། ཐུན་ཏེ་རྫོང་གིས་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་ལེགས་འདེམས་བྱེད་པ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་སྤེལ་ལ་ཕན་ནུས་ལྡན་པའི་སྒོ་ནས་མཐུད་སྦྲེལ་བྱེད་པའི“གཙོ་ཤུགས་དམག་དཔུང”དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་སྐབས་བརྗེ་བྱ་བར་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་འགན་འཁུར་པ་དང་ཕྱུག་བསྒྱུར་འཇོན་མི། ཕ་ཡུལ་དུ་ལོག་པའི་ལས་སྐྲུན་མི་སྣ། ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་འགན་འཁུར་པ། ཐུན་མོང་དཔལ་འབྱོར་གྱི་སྣེ་ཁྲིད་པ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་སོགས་ཕུལ་བྱུང་ན་གཞོན་སྐོར་ཞིག་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིར་འདེམས་བསྐོ་བྱས་པ་དང་། སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་བསླབ་གནས་དམའ་བ་ནས་མཐོ་སར་ཕྱོགས་པ་དང་ཐོབ་ཆ་དམའ་བ་ནས་ཇེ་མཐོར་ཕྱོགས་པ། བགྲེས་སོང་ཅན་ནས་ལོ་གཞོན་ཅན་དུ་ཕྱོགས་པའི་བསྒྱུར་བ་གསུམ་མངོན་འགྱུར་བྱུང་སྟེ། གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་བསྣན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།