ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་ལམ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་ལམ་ཚོགས་འདུ་ཐེངས་སོ་བཞི་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ཏེ་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དངོས་འབེབས་ཞིབ་མོར་བྱེད་པ། རིམས་ནད་འགོག་སྡོམ་གྱི་འགན་འཁྲི་དམ་པོར་འཛིན་པ། བློ་ཐག་རྦད་ཆོད་ཀྱིས་རིམས་ནད་བསྐྱར་འབྱུང་ཡང་མཆེད་འགོག་པ། བློ་ཐག་ཆོད་པོས་རིམས་ནད་འགོག་སྡོམ་གྱི་འགག་སྒྲོལ་འགོག་རྒོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་དགོས་པར་ནན་གྱིས་བསྟན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་མགོ་འཛིན་བྱས། 

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིམས་ནད་འགོག་སྡོམ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་དུས་ཚོད་དང་པོའི་ནང་བླང་བྱ་བཏོན་པ་དང་བཀོད་སྒྲིག་གནང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཕྱི་ནས་ནང་མཆེད་དང་ནང་ནས་བསྐྱར་འབྱུང་འགོག་པའི”སྤྱིའི་འཐབ་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བྱ་བའི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ། “སྔ་མོ་ནས་ཤེས་རྟོགས་དང་། སྙན་ཞུ། བཀར་འཇུག སྨན་བཅོས”ཀྱི་བྱེད་ཐབས་ཁག་གཟབ་ནན་གྱིས་དངོས་འབེབས་བྱེད་པ། གནད་དོན་ཡང་དག་པར་འཚོལ་བ་དང་། ཆད་ལྷག་སྐོང་འཐེན་བྱེད་པ། ཞན་ཆ་ཁ་གསེབ་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་རྣམ་གཡེང་གི་བསམ་བློ་དང་། སུན་སྣང་གི་སེམས་ཁམས། སྟེས་དབང་གི་བསམ་ཚུལ་བཅས་སེལ་ཏེ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་མགྱོགས་མྱུར་སྒོས་སྟོབས་དང་ལྡན་ཞིང་གོ་རིམ་ཡོད་པར་སྐུལ་འདེད་གཏོང་དགོས། 

ཁོང་ཡུང་གིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར། ལས་དོན་ཁག་སོ་སོ་ངེས་པར་དུ་ཤིན་ཏུ་མགྱོགས་མྱུར་ལྡན་པ་དང་། ཞིང་ཕྲ་ཡིན་པ། དངོས་ལ་འབེབས་པར་བྱེད་པ། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་སོ་སོ་གནད་ལ་ཁེལ་བར་དངོས་འབེབས་བྱེད་པ། མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་མི་སྣར་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ། རིམས་ནད་འགོག་སྡོམ་གྱི“འཇུག་སྒོའི་འགག་སྒོ”བློ་ཐག་རྦད་ཆོད་ཀྱིས་ལེགས་པར་བསྲུངས་ཏེ། རིམས་ནད་འགོག་སྡོམ་གྱི་འགོག་སྲུང་འཛིང་རགས་བརྟན་པོར་བརྩིག་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།