ཀྲང་ཧོང་ཡོན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལས་དོན་གྱི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རྩལ་ཨུ་ལྷན་གྱིས2022ལོའི་ཁ་གཏད་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་འཚོགས་ནས། 2021ལོའི་ལས་དོན་གཙོ་བོ་སྤེལ་བའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་སྟེ2022ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་དམངས་ཆེན་སློབ་གསོ་ཨུ་ལྷན་གྱི་ཁ་གཏད་སྡེ་ཁག་དང་ལས་ཁུངས། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་བགོས་མགོ་ཁྲིད་དང་སློབ་གསོའི་ཚན་རྩལ་ཨུ་ལྷན་གྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།

ཀྲང་ཧོང་ཡོན་གྱིས་བསྟན་དོན། 2021ལོར་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རྩལ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལས་དོན་བསྒྲུབས་པས་རྗེས་སུ་ཡི་རངས་བྱེད་འོས།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ད་ལོར་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲི་ཡང་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱི་སློབ་གསོ་ཚན་རྩལ་ཨུ་ལྷན་དང་ཁ་གཏད་སྡེ་ཁག་དང་ལས་ཁུངས་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་“གཏན་ཁེལ་གཉིས”སྲུང་སྐྱོབ་དང་། བློ་ཐག་རྦད་ཆོད་ཀྱིས“སྲུང་སྐྱོབ་གཉིས་”ཀྱི་མཐོ་ཚད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་ཁྲོད་ཤུགས་སྣོན་ཆེས་ཆེར་བྱེད་དགོས་པའི་གཙོ་གནད་དང་ཆེས་ཆེར་ཁ་གཏོད་དགོས་པའི་དཀའ་གནད། ཆེས་ཆེར་ཤུགས་སྣོན་བྱེད་དགོས་པའི་རིགས་བཅས་ཀྱི་ཞན་ཆ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་ཆེར་དོ་སྣང་བྱེད་པ་དང་གླེང་གཞིར་གྱུར་བའི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་པ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་ལས་དོན་བཅས་ཀྱི་ཐད་མཉམ་སྒྲུབ་དམ་ཟབ་དང་། རྒྱུན་མཐུད་ཤུགས་འདོན། གསར་འབྱེད་གསར་གཏོད་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་འཕེལ་རྒྱས་གསར་པར་སྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཡུར་ཟའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།