ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དང་པོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་ལས་སྒོའི་མགོ་ཡག་པོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། ཕྱི་རོལ་གྱི་ཁོར་ཡུག་ཛ་དྲག་རྙོག་འཛིང་ཆེ་བ་དང་རྒྱལ་སྤྱིའི་རིམས་ནད་རྒྱུན་མཐུད་ངང་མཆེད་པར་གདོང་གཏད་དེ། ཞིང་ཆེན་ཚོང་དོན་ཐིང་གིས་ཁ་གཏད་ནུས་ལྡན་འཇལ་བར་ལྷུར་བླངས་པ་དང་། ཕྱི་ཕྱོགས་མ་འཇོག་མཉམ་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་བཏོན་ནས་ཕྱི་ཕྱོགས་མ་འཇོག་མཉམ་ལས་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་། 2022ལོའི་ཟླ་དང་པོར། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་ལྡོག་འཕར་བྱུང་ནས་མགོ་ཡག་པོ་བརྩམས་ཡོད། 

ཤེས་གསལ་ལྟར་ན། ཟླ་དང་པོར། ཞིང་ཆེན་ཡོངས་ཀྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་ཨ་སྒོར་ཁྲི232བཏང་བ་དེ་ན་ནིང་གི་དུས་མཉམ་ལས་ཆེས་ཆེར་འཕར་ཡོད། ཞིང་ཆེན་ཡོངས་ཀྱིས་ཕྱི་ཕྱོགས་སུ་འགན་གཙང་ལེན་བྱས་པའི་བཟོ་སྐྲུན་ལས་གཞིའི་གན་རྒྱ་གསར་པ་ཨ་སྒོར་ཁྲི126བཞག་ཅིང་། གཉེར་སྐྱོང་གྲངས་འབོར་ཨ་སྒོར་ཁྲི45ཟིན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁེ་ལས་ཀྱིས་ས་ཁོངས་ཕྱི་རོལ་དུ་འགན་གཙང་ལེན་བྱས་པའི་བཟོ་སྐྲུན་ལས་སྒོ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད།

ལས་གཞི་ནི“ཅཱ་ཚྭའི་གཏེར་ཁ་རྩད་གཅོད་དང་གཏེར་རི་བཅོས་སྐྱོང་བཟོ་སྐྲུན”ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་ཅིང་། ཕྱི་ཕྱོགས་དང་ངལ་རྩོལ་ལས་སྒོ་མཉམ་ལས་བྱེད་པའི་ཐད། ཕྱི་ཕྱོགས་སུ་ངལ་རྩོལ་ལས་སྒོ་ཕྱིར་གཏོང་བྱེད་པའི་ལས་སྟེགས་ཧུར་ཐག་གིས་བསྐྲུན་པ་དང་། ངལ་རྩོལ་ལས་སྒོ་མངགས་གཏོང་འཕེལ་རྒྱས་གཏོང་སྟངས་གསར་པ་གསར་གཏོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སུ་ངལ་རྩོལ་ལས་སྒོ་མངགས་གཏོང་མི་སྣའི་གཞི་ཁྱོན་འཕེལ་རྒྱས་བརྟན་པོ་བྱུང་། 

ཟླ་དང་པོར། ཞིང་ཆེན་ཡོངས་ཀྱིས་རིགས་སོ་སོའི་རྩོལ་ལས་མི་སྣ21མངགས་ཤིང་། དུས་མཉམ་ལས40%འཕར། ཁྲོམ་ར་ནི་ལའོ་ཝུའོ་དང་། ཉི་ཧོང་། ཐ་ཇི་ཁུ་སི་ཐན་སོགས་རྒྱལ་ཁབ་ཁག་ཏུ་ཁྱབ་ཅིང་། ལས་གཞི་ནི་རྩད་ཞིབ་དང་། ལྟ་སྐྱོང་། ཁྲོན་ནང་གསོར་འབིགས་རྩད་ཞིབ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད།

རྗེས་ཕྱོགས། ཞིང་ཆེན་ཚོང་དོན་ཐིང་གིས་ཁྲོམ་ར་གསར་འབྱེད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། རིམས་ནད་རྗེས་ཀྱི་དུས་རབས་སུ་རྒྱལ་ཁབ་ཁག་གི་རྨང་གཞིའི་འཛུགས་སྐྲུན་མ་འཇོག་དང་ཐོན་ལས་ཕྲེང་འབྲེལ་སླར་ཡང་ལེགས་སྒྲིག་སོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། སྟོབས་ཤུགས་ལྡན་པའི་ཁེ་ལས་མགྱོགས་མྱུར་གྱིས་ཕྱིར་བསྐྱོད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་ལས་སྒོ་བརྟན་ལ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།