ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་གྱི་བྱ་འགུལ་ཉིན་མོའི་བྱ་འགུལ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།  འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་ཐབས་ལམ་ཐད་ཀྱི་ངོས་ཟིན་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་ཆེད།  ཟླ2པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ།  ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དུ་སོང་ནས་ཨུ་ཡོན་བྱ་འགུལ་ཉིན་མོའི་བྱ་འགུལ་སྤེལ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་བྱ་འགུལ་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།

ཚྭ་མཚོ་ཞིབ་འཇུག་ཁང་དུ།  ཨུ་ཡོན་ཚོ་མཚོ་སྔོན་ཞིང་ཆེན་ཚྭ་མཚོའི་ས་གཤིས་དང་ཁོར་ཡུག་ཚན་རིག་ཞིབ་འཇུག་ཚན་རྩལ་ཁྱབ་གདལ་རྟེན་གཞི་དང་ཚྭ་མཚོའི་རྫས་འགྱུར་དབྱེ་ཞིབ་ཚོད་ལྟ་ལྟེ་གནས།  ཚན་རིག་ལག་རྩལ་གྲུབ་འབྲས་འགྲེམ་སྟོན་ཁང་བཅས་སུ་སོང་ནས།  ཚྭ་མཚོ་ཞིབ་འཇུག་ཁང་གི་གནས་ཚུལ་མདོར་བསྡུས་དང་ཚན་རིག་ཞིབ་འཇུག་གི་བྱ་བ་གཙོ་བོ།  ཚན་རིག་ཞིབ་འཇུག་དང་འདེགས་སྐྱོར་སྟེགས་བུ་འཛུགས་སྐྲུན།  གསར་གཏོད་རིག་གནས་འཛུགས་སྐྲུན་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད།  ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས།  ཨུ་ཡོན་ཚོས་ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གིས་ཚྭ་མཚོ་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ལ་སྟོབས་དང་ལྡན་པའི་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཏེ།  མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས།  ངེས་པར་དུ་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཀྲང་ཝུན་ཁུའེ་ཡིས་ཚྭ་མཚོ་ཞིབ་འཇུག་ཁང་འཛུགས་སྐྲུན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་དེ་མི་རབས་རེ་རེའི་ཚྭ་མཚོའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ནུབ་རྒྱུད་དུ་རྐང་བཙུགས་ནས་དཀའ་སྤྱད་ལས་སྐྲུན་བྱས་པའི་སྒེར་མེད་བློས་གཏོང་དང་འབྲལ་ཐབས་མེད་པ་དང་།  ཞིབ་འཇུག་ཁང་གིས་མུ་མཐུད་དུ་འབད་འཐབ་བྱེད་པ་དང་།  ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ལག་རྩལ་སྟེང་མུ་མཐུད་དུ་ཐོད་བརྒལ་བརྩོན་ལེན་བྱས་ཏེ།  འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།  ཤེས་ལྡན་མི་སྣའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་།  ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་ཤེས་ལྡན་མི་སྣ་གཏན་འཇགས་སུ་གཏོང་བ།  ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་བཟང་བོ་འཛུགས་སྐྲུན་བཅས་བྱས་ནས།  ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཞོར་དུ་ད་དུང་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་དོ་སྣང་བྱེད་དགོས།  སྲིད་གྲོས་ཨུ་ཡོན་གྱིས་ཚྭ་མཚོ་ཐོན་ལས་ལ་དམིགས་ནས་བརྟག་བཤེར་ཞིབ་འཇུག་མང་པོ་བྱེད་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ།  འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་གསར་བ་ལེན་པར་རོགས་འདེགས་བྱེད་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།