ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་རང་བྱུང་སློབ་གསོ་དེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་འདྲེས་སུ་འཇུག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་སྔར་ལས་ཡག་པོ་བསྒྲུབ་ཆེད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མགོ་ཁྲིད་ཚན་ཆུང་གི་མགོ་ཁྲིད་འོག མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལག་རྩལ་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་མཉམ་དུ། ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་དང་ལྷན་དུ《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་རང་བྱུང་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(གཤམ་དུ《མཛུབ་སྟོན་བསམ་འཆར》ཞེས་བསྡུ་རྒྱུ)དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྩ་འཛིན》(གཤམ་དུ《སློབ་གསོའི་ལས་དོན་རྩ་འཛིན》ཞེས་བསྡུ་རྒྱུ)གཏན་འབེབས་ལེགས་འགྲུབ་བྱུང་།

《མཛུབ་སྟོན་བསམ་འཆར》ནང་ནགས་རྩྭ་དང་སློབ་གསོ། ཁོར་ཡུག་སྲུང་སྐྱོང་། ཞིང་ལས། ཚན་རྩལ། རིག་གནས་ཡུལ་སྐོར། གུང་གཞོན་སྡེ་ཚོགས་སོགས་སྡེ་ཁག་མང་པོ་མཉམ་དུ་ཞུགས་པའི་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱི་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་དང་གནའ་བོའི་ལྗོན་ཤིང་། རི་སྐྱེས་སྲོག་ཆགས། འདམ་རའི་ཁོར་ཡུག ས་གཤིས་ཀྱི་རྗེས་ཤུལ་སོགས་ཀྱི་ཐོན་ཁུངས་བེད་སྤྱད་དེ་རང་བྱུང་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དམིགས་འབེན་དུ་བྱས་ཡོད། སློབ་མ་དང་ཁྱིམ་བདག སྤྱི་ཚོགས་མི་མང་བཅས་ཁེ་བཟང་ཐོབ་མཁན་གཙོ་བོར་བྱས་ཏེ། རྒྱུད་རིམ་ཅན་དང་ཆེད་ལས་ཅན། མང་ཚོགས་ཅན། སྣ་མང་ཅན་བཅས་སུ་འགྱུར་བའི་རང་བྱུང་སློབ་གསོའི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ། ས་ཁོངས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་དང་སྤྱི་ཚོགས་ཀྱི་དོན་དངོས་དང་མཐུན་པའི་རང་བྱུང་སློབ་གསོ་སྤེལ་སྟངས་འཚོལ་ཞིབ་བྱས་ནས་འཛུགས་པ། རང་བྱུང་སློབ་གསོའི་ཆེད་མཁས་ཚོགས་པ་དང་དང་བླངས་པའི་དཔུང་ཁག་བཙུགས་ནས་འཐུས་ཚང་དུ་གཏོང་བ། སློབ་དེབ་སྤུས་ལེགས་ཞིབ་འཇུག་དང་གསར་སྤེལ་བྱེད་པ། དགོས་ངེས་ཀྱི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་སྦྱོར་བྱེད་པ། 2025ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ད་ཡོད་ཀྱི་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་དང་འདམ་རའི་སློབ་གྲྭ2ཀྱི་རྨང་གཞིའི་ཐོག་རང་ཞིང་གི་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་བ་འཛུགས་པ། རྩ་དོན་ཐོག་རྫོང་རེ་སློབ་གྲྭ་རེ་ལ་བརྟེན་པ་དང་རང་བྱུང་སློབ་གསོའི་སློབ་གྲྭ་འཛུགས་པར་བརྩོན་ལེན་བྱེད་པ། 2030ལོར་སླེབས་སྐབས། སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད་བྱེད་པར་བརྟེན་ནས། བལྟོས་བཅས་ཀྱི་ཆ་ཚང་བའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་མ་ལག་འཛུགས་པ་དང་། རང་བྱུང་སློབ་གསོ་དེ་རང་ཞིང་གི་གནད་ཆེའི་སྐྱེ་ཁམས་རིག་གནས་ཀྱི་མཚོན་རྟགས་གྲགས་ཅན་དུ་གསོ་སྐྱོང་བྱས་ཏེ། རང་བྱུང་སློབ་གསོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།

《སློབ་གསོའི་ལས་དོན་གྱི་རྩ་འཛིན》ཀྱིས་གཞི་རྩའི་བསམ་ཕྱོགས་དང་གཞི་རྩའི་རྩ་དོན། གཙོ་གནད་ལས་དོན། འགན་ལེན་གྲོས་གཞི་སོགས་ཀྱི་ཐད་ནས་རང་ཞིང་གི་རང་བྱུང་སློབ་གསོ་འཕེལ་རྒྱས་ལ་ཚད་ལྡན་གྱི་བླང་བྱ་བཏོན་ཅིང་། རང་བྱུང་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། སློབ་ཚན་བཀོད་སྒྲིག སློབ་གསོའི་རྟེན་གཞི་སྐྲུན་པ་སོགས་ཕྱོགས11གི་ཐད་ནས་འཕྲལ་ཕུགས་ཀྱི་ལས་ཀའི་འཆར་གཞི་ཞིབ་ཕྲ་བཟོས་པ། ཞིང་ཆེན་རང་བྱུང་སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་དང་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས་ལྡན་པའི་སློབ་གསོ་ཞིབ་འཇུག་དང་མཉམ་འདྲེས་ཟབ་མོ་ཡིན་པའི་རང་བྱུང་སློབ་གསོའི་མ་ལག་རིམ་བཞིན་འཛུགས་པ། རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་ཡོད་པའི་རང་བྱུང་སློབ་གསོའི་བྱ་འགུལ་རྣམ་པ་བསྐྲུན་ཏེ། རྒྱལ་ཡོངས་ལ་རང་བྱུང་སློབ་གསོའི་བྱ་བའི་ཉམས་མྱོང་འདོན་སྤྲོད་བྱ་རྒྱུ་རེད། 2021ལོའི་ཟླ11པའི་ཚེས29ཉིན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས《མཛུབ་སྟོན་བསམ་འཆར》དང《སློབ་གསོའི་ལས་དོན་རྩ་འཛིན》དངོས་སུ་པར་འགྲེམས་བྱས།  །

རྩོམ་སྒྲིག་པ། : གསང་བདག་རྒྱལ།