ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ན་ནིང་གི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་ཕྱོགས་སྡོམ། ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་།

ཁོང་ཡུང་གིས་བསྟན་དོན། 2021ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས“མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། ནུས་པ་ཆེར་སྐྱེད་པ། རིམས་ནད་འགོག་སྡོམ་དང་འཕྲོད་བསྟེན་བདེ་ཐང་གི་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་བ་དང་སྐས་རིམ་གསར་པར་སླེབས།

ཁོང་ཡུང་གིས་ནན་གྱིས་གསུང་དོན། ལོ་གསར་པའི་ནང་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཁག་སོ་སོས་དམིགས་ཚད་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མི་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་གཙོ་གནད་ལས་དོན་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ལངས་གནས་མཐོ་རུ་གཏོང་བ་དང་། འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཡག་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ངེས་པ་དོན་གྱིས་ཆེ་རུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏན་ནས་མི་གཏོང་བ་དང་། རིམས་ནད་འགོག་སྡོམ་གྱི་རྒྱུད་སྐུད་མུ་མཐུད་དུ་དམ་པོར་སྡོམ་དགོས། ལས་སླ་པོར་བྱུང་བ་མིན་པའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་དགོས། སྡེ་ཁག་མཉམ་འགུལ་དང་དོ་དམ་མཉམ་འཛིན། ནུས་ཤུགས་ཡོད་རྒུས་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མ་ལག་བཅོས་སྐྱོང་བྱེད་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་ཟབ་སྤེལ་དང་བཅོས་སྒྱུར་འགན་སྲུང་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དོ་དམ་མ་ལག་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་དགོས། འགག་སྒྲོལ་ལ་འབད་ཅིང་། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བོའི་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། སྲིད་ཇུས་དོན་འཁྱོལ་བྱས་ཏེ། “རྒན་གཞོན་གཅིག”གི་བདེ་ཐང་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ། འཕྲོད་བསྟེན་བདེ་ཐང་སྡེ་ཁག་དེ་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་སུ་སྐྲུན་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བོའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་ནས། བདེ་ཐང་མཚོ་སྔོན་བསྐྲུན་ཆེད་ལེའུ་གསར་པ་རྩོམ་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།