ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྨ་ལྷོའི་བོད་ཀྱི་ཟློས་གར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་ཟློས་གར་དགོང་ཚོགས་སྟེང་འཁྲབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི་ཚེས་གཅིག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས(མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ)ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་ཟློས་གར་དགོང་ཚོགས་སྟེང་རྨ་ལྷོའི་བོད་ཀྱི་ཟློས་གར《ཆེས་མཛེས་པའི་སྐལ་བཟང་མེ་ཏོག》ཅེས་པའི་འཁྲབ་ཚན་འཁྲབ་སྟོན་བྱས་ནས། རྨ་ལྷོའི་བོད་ཀྱི་ཟློས་གར་གྱི་སྙན་ཞིང་འཇེབས་པའི་དབྱངས་རྟ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་སྟངས་རྣམ་པ་མངོན་པར་བྱས་པ་མ་ཟད། འདི་ནི་ཀྲུང་གོའི་ཟློས་གར་སློབ་གླིང་འཁྲབ་སྟོན་སྡེ་ཁག་གི་འཁྲབ་གཞུང་སྣ་མང་དངོས་གཞི་འཛིན་གྲྭའི་བོད་ཀྱི་ཟློས་གར་འཁྲབ་སྟོན་ཆེད་ལས་སློབ་མཁན་གྱི་མཚོ་སྔོན་སློབ་མས་ཐོག་དང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་ཟློས་གར་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པ་ཞིག་ཀྱང་ཡིན། 

རྨ་ལྷོའི་བོད་ཀྱི་ཟློས་གར་ནི2006ལོའི་ཟླ5པར་རྒྱལ་ཁབ་རིམ་པའི་གཟུགས་འདར་ཤུལ་བཞག་རིག་གནས་སྐོར་དང་པོའི་མིང་ཐོར་ཚུད་ཞིང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རྩལ། རིག་གནས་རྩ་འཛུགས་ཀྱི《གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོར་ཚུད། བོད་མི་རིགས་ཀྱི་སྐད་གདངས་ལ་བརྒྱུས་པའི་ཟློས་གར་རིགས་ཤིག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་གཞི་གཅིག་ཏུ་སྦྲེལ་བའི་ཐོན་དངོས་ཤིག་ཡིན་པའི་ཆ་ནས། རྨ་ལྷོའི་བོད་ཀྱི་ཟློས་གར་ལ་རིག་གནས་ཀྱི་རྨང་གཞི་བརྟན་ཅིང་། རང་ས་གནས་དང་རང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་སྲོལ་རྒྱུན་གཅིག་ཏུ་འདུས་ཡོད་པར་མ་ཟད། རང་ས་གནས་དང་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་འདུ་ཤེས་མངོན་པར་མཚོན་ཡོད་སྟབས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་རྩ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྨ་ལྷོའི་བོད་ཀྱི་ཟློས་གར་སོགས་ས་གནས་ཟློས་གར་གྱི་ཞིབ་འཇུག་དང་སྲུང་སྐྱོང་། རྒྱུད་འཛིན། གསར་གཏོད། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཟློས་གར་འཁྲབ་སྟོན་པ་ཕུལ་བྱུང་གསོ་སྐྱོང་དང་། ཟློས་གར་རིག་གནས་རྒྱ་ཁྱབ་ཏུ་སྒྲོག་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཟློས་གར《ཡིད་འཕྲོག་ལྷ་མོ》སོགས་བརྩམས་ཆོས་ལེགས་པོ་སྐོར་ཞིག་གསར་དུ་བརྩམས། 

རྗེས་ཕྱོགས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འཇོན་མི་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་ཞིང་གི་ས་གནས་ཟློས་གར་གྱི་ལས་གཉེར་མི་སྣའི་སྒྱུ་རྩལ་བློ་སྦྱོང་དང་ཆེད་ལས་ཆུ་ཚད་མཐོར་འདེགས་བྱ་རྒྱུ་རེད། རྨང་གཞི་ལས་དོན་བརྟན་པོར་འདིང་བ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བ། ཟློས་གར་འཇོན་མི་གསོ་སྐྱོང་བྱེད་པའི་བརྒྱུད་ལམ་རྒྱ་སྐྱེད་པ་དང་། རང་ཞིང་གི་ས་གནས་ཟློས་གར་རིགས་ཀྱི་འཁྲབ་སྟོན་ཚོགས་པར་རོགས་སྐྱོར་ལྷུར་ལེན་པ་སོགས་ཀྱི་ཕྱོགས་ནས། ཟློས་གར་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་ས་གནས་ཟློས་གར་སྒྱུ་རྩལ་གྱི་རྨང་གཞི་བརྟན་པ་དང་བརྩམས་ཆོས་ལེགས་པོ་འདོན་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།