ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་ས་མུའུ་འབུམ་བཞི་ཁྲི་དགུ་སྟོང་དགུ་དང་བརྒྱ་ལྗང་བསྒྱུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་རྩྭ་ཅུའུ་ཡིས་འགན་སྲུང་དྲུག་དམ་འཛིན་དང་གཏན་འཇགས་དྲུག་ལ་སྐུལ་འདེད་བཏང་བ་དང་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་དང་རྩྭ་ཐང་གི་ལས་གཞི་གལ་ཆེན། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བཅས་ཀྱི་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་བ་དང་། བྱ་བ་སྣ་ཚོགས་ལག་བསྟར་དམ་འཛིན་བྱས་པས། ལོ་ཧྲིལ་བོའི་ནགས་རྩྭའི་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས།

2021ལོར། རྨ་ལྷོ་ཁུལ་ནགས་རྩྭ་ཅུའུ་ཡིས་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་བསྡུས་ནས། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་འོས་འགན་སྡོང་འཛུགས་བྱ་འགུལ་གྱི་ཚ་རླབས་འཕྱུར་བར་བྱས། ཁུལ་དང་རྫོང་གི་ནགས་རྩྭ་སྡེ་ཁག་གིས་རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་བྱ་བའི་ཇུས་གཞིའི་བཀོད་སྒྲིག་ལྟར། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་སྤེལ། མིག་སྔའི་བར་དུ། རྒྱལ་ཁོངས་མུའུ་འབུམ་བཞི་ཁྲི་དགུ་སྟོང་དགུ་དང་བརྒྱ་ལྗང་བསྒྱུར་བྱས། ཁུལ་དང་རྫོང་ལས་ཁུངས་དང་བཅའ་སྡོད་སྦྱོང་བརྡར་དམག་དཔུང་། དྲག་ཆས་ཉེན་རྟོག སློབ་གྲྭའི་སློབ་མ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་སྐུལ་སློང་བྱས་ཏེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དམངས་ཡོངས་ཀྱིས་ལྗང་བསྒྱུར་ལྗང་སྣོན་བྱེད་པའི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ། མིག་སྔའི་བར་དུ། སྡོང་བོ་འབུམ་དགུ་དང་ཁྲི་ལྔ་བཙུགས་པ་དང་། མི་གྲངས་འབུམ་གཅིག་དང་ཁྲི་གསུམ་སྟོང་གཉིས་བརྒྱད་བརྒྱ་འོས་འགན་སྡོང་འཛུགས་ཁྲོད་ཞུགས་ལ། འོས་འགན་སྡོང་འཛུགས་ཀྱི་འགན་ལག་བསྟར་བྱས་ཚད་བརྒྱ་ཆའི་གོ་དྲུག་ཙམ་ལ་སླེབས།

དེ་དང་མཉམ་དུ། མི་མང་སར་སྡོང་པོ་མང་པ་དང་། ཐོན་སྐྱེད་འཚོ་བའི་ས་ཆར་སྔོན་དུ་ལྗང་བསྒྱུར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་ཀྱི་ལས་གཞི་དང་ཞིང་སྡེའི་ས་བབ་ཆགས་ཚུལ། ཞིང་སྡེའི་དགོས་མཁོ་ལྟར། སྡེ་སྲུང་ནགས་དང་མཛེས་ལྗོངས་ནགས་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་བཏང་། གཅན་ཚ་རྫོང་མར་ཁུ་ཐང་ནགས་ཚལ་གྲོང་གསེབ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། བསྡོམས་པས་ལྗང་བསྒྱུར་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་དང་ལྔ་བརྒྱ་བཅུ་གསུམ་ལ་སླེབས་པ་དང་། གསོ་སྐྱོང་རྒྱ་ཁྱོན་མུའུ་སྟོང་གཅིག་དང་ཉིས་བརྒྱ་གོ་གཉིས་ལ་སླེབས་ཤིང་། རིགས་མི་འདྲ་བའི་སྡོང་ཕྲུག་ཁྲི་གཅིག་དང་སྟོང་བདུན་གོ་གཅིག་འདེབས་འཛུགས་བྱས་ལ། མིག་སྔར་ལྗང་བསྒྱུར་ལས་གཞི་ཡོད་ཚད་ཡོངས་འགྲུབ་བྱས། ཐུན་རིན་གྲོང་ཁྱེར་བཙན་མོ་ཞང་བཙན་མོ་སྡེ་བའི་ནགས་ཚལ་ཞིང་སྡེ་འཛུགས་སྐྲུན་ལས་གཞིའི་ཐད་ནས། བསྡོམས་པས་ལོ་མ་ཕྲ་བའི་ལྗོན་ཤིང་དང་ལོ་མ་ཆེ་བའི་ལྗོན་ཤིང་འདྲེས་བསྣོལ་ནགས་ཚལ་མུའུ་སོ་བདུན་དང་གྲངས་ཆུང་དགུ་གཉིས་འཛུགས་སྐྲུན་བྱས་པ་དང་། མཚོ་སྔོན་གྱི་གསོམ་ཤིང་དང་ལི་ཤི་སོགས་སྡོང་སྣ་མི་འདྲ་བ་སྟོང་གསུམ་དང་ཉིས་བརྒྱ་ང་གཉིས་འདེབས་འཛུགས་བྱས་ལ། པོ་སིའི་ལུག་མིག་མེ་ཏོག་མུའུ་ཉི་ཤུ་བཏབ། ལྗང་བསྒྱུར་ལས་གཞི་དེ་དག་མིག་སྔར་ཡོད་ཚད་ཡོངས་འགྲུབ་བྱས་ཟིན།

དེ་ལས་གཞན། སྡེ་ཁག་མང་པོས་མཉམ་དུ་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་སྐུལ་འདེད་བཏང་བ་དང་། རྫོང་དང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ནགས་བསྐྲུན་ལྗང་བསྒྱུར་ས་ཆ་མཐུན་སྦྱོར་དངོས་འབེབས་བྱས་པ་དང་། ཆུ་བེད་སྡེ་ཁག་གིས་སྔོན་དུ་ནགས་བསྐྲུན་ཡུལ་དངོས་ལ་ཞིབ་བཤེར་བྱས་ལ། ཆུ་ཁུངས་བཙལ་བ་དང་དྲ་སྦུག་བཏང་ནས། ནགས་སྐྲུན་ཆུ་གཏོང་ཆུ་བཀོལ་ཐད་ཁག་ཐེག་བྱས། འགྲིམ་འགྲུལ་སྡེ་ཁག་གིས་ནགས་བསྐྲུན་ས་ཆར་སྟབས་བདེའི་བགྲོད་ལམ་ལས་ནས། ནགས་བསྐྲུན་ལྗང་བསྒྱུར་གྱི་དུས་ཚོད་འགོར་འགྱངས་མི་བྱེད་པ་དང་། ནགས་བསྐྲུན་ལྗང་བསྒྱུར་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། མིག་སྔའི་བར་དུ། ཐུན་རིན་དང་གཅན་ཚའི་ནགས་སྐྲུན་ས་ཁུལ་གྱི་ཆ་སྡེབས་ཆུ་གསོག་རྫིང་བུ་དང་དྲ་སྦུག་སོགས་ཆུ་བེད་སྒྲིག་ཆས་དང་སྟབས་བདེ་བགྲོད་ལམ་གྱི་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་བཞི་ལྷག་ལ་སླེབས་པ་དང་། མ་དངུལ་གཏོང་ཚད་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གཉིས་ཁྲི་གཉིས་སྟོང་བརྒྱད་ལ་སླེབས་ཡོད་ལ། ནགས་སྐྲུན་ས་ཁུལ་དུ་སྤྱི་ལེ་སོ་བརྒྱད་ལྷག་གི་སྟབས་བདེ་བགྲོད་ལམ་བསྐྲུན་པ་དང་། ཆུ་གསོག་རྫིང་བུ་བཞི་ལས་ལ། ཆུ་བེད་སྦུག་དྲ་སྤྱི་ལེ་བརྒྱ་དང་བཅོ་བརྒྱད་ལྷག་བསྐྲུན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།